ཞི་ཅིན་ཕིང་གིས་ཧུའུ་པེ་ཝུའུ་ཧན་དུ་རྟོག་ཞིབ་གནང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 07-01



 

ཞི་ཅིན་ཕིང་གིས་ཧུའུ་པེ་ཝུའུ་ཧན་དུ་རྟོག་ཞིབ་གནང་སྐབས། 

ཚན་རྩལ་གྱི་སྲོག་རྩ་རང་ཉིད་ཀྱི་ལག་ཏུ་དམ་པོར་བཟུང་སྟེ་རང་རྒྱལ་འཕེལ་རྒྱས་ཀྱི་རང་ཚུགས་རང་བཞིན་དང་། རང་རྟེན་རང་བཞིན། བདེ་འཇགས་རང་བཞིན་བཅས་རྒྱུན་ཆད་མེད་པར་གོང་དུ་སྤེལ་དགོས་པའི་ནན་བཤད་གནང་བ། 

 

ཟླ་6ཚེས་28ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་དུ་རྟོག་ཞིབ་གནང་ཞིང་། འདི་ནི་ཚེས་28ཉིན་གྱི་ཕྱི་དྲོ་ཞི་ཅིན་ཕིང་གིས་ཝུའུ་ཧན་ཧྭ་ཀུང་སྐུལ་འོད་ལས་གྲྭ་ཚད་ཡོད་འགན་འཁྲི་ཀུང་སིའི་འཁོར་ཁང་གི་ཐོག་བརྩེགས་ཁང་ཆེན་མདུན་དུ་ཁེ་ལས་ཀྱི་ལས་བཟོ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བཞིན་པ། 


 

ཟླ་6ཚེས་28ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་དུ་རྟོག་ཞིབ་གནང་ཞིང་། འདི་ནི་ཚེས་28ཉིན་གྱི་ཕྱི་དྲོར་ཏུང་ཧུའུ་མཐོ་གསར་ཁུལ་ཙུའོ་ལིང་ཁྲོམ་གཞུང་ཀྲི་ཡོན་སྡེ་ཁུལ་གྱི་ཏང་དམངས་ཞབས་ཞུའི་གནས་སུ། ཞི་ཅིན་ཕིང་གིས་སྡེ་ཁུལ་གྱི་ལས་དོན་པའི་ས་ནས་ཏང་འཛུགས་སྐྱོང་ལ་བརྟེན་ནས་གཞི་རིམ་གྱི་སྡེ་ཁུལ་བཅོས་སྐྱོང་དང་དམངས་ཕན་ཞབས་ཞུ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་མ་ཟད། དེ་གར་ལས་དོན་སྒྲུབ་པར་ཡོང་མཁན་རྒན་རྒོན་དང་བྱམས་བརྩེའི་ངང་གླེང་མོལ་གནང་བཞིན་པ།


         ཤིན་ཧྭ་གསར་འགྱུར་ཁང་ཝུའུ་ཧན་ནས་ཟླ་6ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཚེས་28ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་དུ་རྟོག་ཞིབ་གནང་སྐབས་ཚན་རྩལ་རང་ཚུགས་རང་འཕེལ་ནི་རྒྱལ་ཁབ་སྟོབས་འབྱོར་མངའ་ཐང་རྒྱས་པའི་རྨང་གཞི་དང་བདེ་འཇགས་ཀྱི་གནད་འགག་ཡིན། ང་ཚོས་ངེས་པར་དུ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ་དང་། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ། ཚན་རྩལ་གྱི་སྲོག་རྩ་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་པ། ཚན་རྩལ་རང་ཚུགས་རང་འཕེལ་ཐད་འཕེལ་རྒྱས་དེ་བས་ཆེ་བ་ཐོབ་པ་བྱས་ནས། རང་རྒྱལ་འཕེལ་རྒྱས་ཀྱི་རང་ཚུགས་རང་བཞིན་དང་། རང་རྟེན་རང་བཞིན། བདེ་འཇགས་རང་བཞིན་བཅས་རྒྱུན་ཆད་མེད་པར་གོང་སྤེལ་གཏོང་བ། ལག་རྩལ་གསར་པ་དང་ཐོན་ལས་གསར་པ་དེ་བས་མང་བ་ཐོན་རྒྱུར་སྐུལ་འདེད་གཏོང་བ། དཔལ་འབྱོར་འཕེལ་རྒྱས་ཀྱི་ཁྱབ་ཁོངས་གསར་པ་དང་འགྲན་ལམ་གསར་པ་གཏོད་པ་བཅས་བྱས་ཏེ་རྒྱལ་སྤྱིའི་འགྲན་རྩོད་ཀྱི་ལེགས་ཆ་གསར་པ་ཆགས་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

        ཚེས་28ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་གིས་ཧུའུ་པེ་ཞིང་ཨུད་ཀྱི་ཧྲུའུ་ཅི་ཝང་མོང་ཧུའེ་དང་ཧྲེང་ཀྲང་ཝང་ཀྲུང་ལིན་གྱི་ཕེབས་རོགས་འོག ཝུའུ་ཧན་གྱི་ཁེ་ལས་དང་སྡེ་ཁུལ་དུ་བརྟག་ཞིབ་གནང་བ་རེད།

        དང་ཐོག་ཞི་ཅིན་ཕིང་ཝུའུ་ཧན་ཧྭ་ཀུང་སྐུལ་འོད་ལས་གྲྭ་ཚད་ཡོད་འགན་འཁྲི་ཀུང་སིར་རྟོག་ཞིབ་གནང་བར་ཕེབས་པ་རེད། ཁེ་ལས་ཀྱི་ཞིབ་འཇུག་གསར་སྤེལ་ཕྱོགས་བསྡུས་ཐོག་བརྩེགས་ཁང་ཆེན་དུ། ཞི་ཅིན་ཕིང་གིས་ཧུའུ་པེ་ཞིང་ཆེན་གྱི་འོད་གློག་རྡུལ་ཆ་འཕྲིན་ཐོན་ལས་འཕེལ་རྒྱས་དང་། དེ་བཞིན་ལྟེ་བའི་ལག་རྩལ་འགག་སྒྲོལ་གནས་ཚུལ་གྱི་ངོ་སྤྲོད་གསན་པ་དང་ཉིང་ཏིག་ཐོན་ལས་གསར་གཏོད་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་ཞིབ་ཞིབ་ཕྲ་གནང་བ་རེད། ཞི་ཅིན་ཕིང་གིས་འོད་དང་གློག་རྡུལ་ཆ་འཕྲིན་ཐོན་ལས་ནི་བེད་སྤྱོད་རྒྱ་ཆེ་བའི་འཐབ་ཇུས་ཀྱི་ལག་རྩལ་མཐོ་བའི་ཐོན་ལས་ཤིག་རེད་ལ། རང་རྒྱལ་ལ་སྔ་སྣུར་དུ་ཚད་བརྒལ་མངོན་འགྱུར་ཡོང་བ་བྱེད་པའི་ཆ་རྐྱེན་ལྡན་པའི་ལག་རྩལ་མཐོ་བའི་ཐོན་ལས་ཤིག་ཀྱང་རེད། ཧུའུ་པེ་ཝུའུ་ཧན་ཏུང་ཧུའུ་ལག་རྩལ་གསར་པ་གསར་སྤེལ་ཁུལ་དེ་འོད་དང་གློག་རྡུལ་ཆ་འཕྲིན་ཐོན་ལས་ཁྱབ་ཁོངས་ཀྱི་གསར་གཏོད་གལ་ཆེན་ཞིག་རེད། ལག་རྩལ་ཞིབ་འཇུག་གསར་སྤེལ་གྱི་འགག་སྒྲོལ་ལ་ཤུགས་སྣོན་བརྒྱབ་ནས་རང་རྟེན་ཤེས་བྱའི་ཐོན་དབང་གི་ལྟེ་བའི་ལག་རྩལ་དེ་བས་མང་བ་ཁོང་དུ་ཆུད་ནས་གསར་གཏོད་ཀྱི་སྦྲེལ་ཐག་རྒྱུན་ཆད་མེད་པར་སྣུར་སྲིང་དང་ཐོན་ལས་སྦྲེལ་ཐག་འཐུས་སྒོ་ཚང་དུ་བཏང་སྟེ། རང་རྒྱལ་གྱི་འོད་དང་གློག་རྡུལ་ཆ་འཕྲིན་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས། རང་རྒྱལ་འཕེལ་རྒྱས་སྟོབས་ཆེར་འགྲོ་བ་དང་བསྟུན་ནས་འགག་རྩའི་ལྟེ་བའི་ལག་རྩལ་ཚད་བརྒལ་ཡོང་བ་བྱེད་པ་ནི་ཁ་ཚ་དགོས་གཏུགས་ཤིག་ཡིན་པས། ངེས་པར་དུ་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་རྒྱལ་ཡོངས་ཀྱི་སྒྲིག་སྲོལ་གྱི་ལེགས་ཆ་གསར་པ་འདོན་སྤེལ་བྱས་ཏེ་འབད་འབུངས་ཡར་བརྩོན་དང་མགྱོགས་མྱུར་རྗེས་འདེད་བཏང་ནས་ཚན་རྩལ་རང་ཚུགས་རང་འཕེལ་མངོན་འགྱུར་བྱེད་མགྱོགས་སུ་གཏོང་དགོས་ཞེས་གསུངས་པ་རེད།

        ཞི་ཅིན་ཕིང་སྔ་རྗེས་སུ་ཁེ་ལས་ཀྱི་སྐུལ་འོད་ཚན་རྩལ་ཁང་དང་གློག་འདྲེན་ཕྱེད་གཟུགས་ངོས་ཀྱི་སྐུལ་འོད་རིག་ནུས་སྒྲིག་ཆས་ཐོན་སྐྱེད་འཁོར་ཁང་དུ་ཕེབས་ཏེ་སྐུལ་འོད་ལག་རྩལ་ཐོན་ལས་བཀོལ་སྤྱོད་འགྲེམས་རྫས་ལ་གཟིགས་ཞིབ་གནང་ཞིང་། ཞི་ཅིན་ཕིང་གིས་རྩེར་སོན་བཟོ་སྐྲུན་ནི་དཔལ་འབྱོར་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་གཏོང་བའི་འདེགས་སྐྱོར་གལ་ཆེན་ཞིག་རེད། རང་རྒྱལ་གྱི་བཟོ་སྐྲུན་ལས་རིགས་ཀྱི་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་བཟོ་སྐྲུན་གྱི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་པར་ངེས་པར་དུ་ལག་རྩལ་ཞིབ་འཇུག་གསར་སྤེལ་ལ་ཤུགས་སྣོན་རྒྱག་པ་དང་རང་རྒྱལ་ཐོན་རྫས་ཀྱིས་ཕྱི་རྒྱལ་ཐོན་རྫས་ཀྱི་ཚབ་བྱེད་ཚད་མཐོ་རུ་བཏང་སྟེ། ཚན་རྩལ་གྱི་སྲོག་རྩ་རང་ཉིད་ཀྱི་ལག་ཏུ་འཛིན་ཚེ་གཞི་ནས་རྒྱལ་ཁབ་དངོས་འབྲེལ་སྟོབས་ཆེར་འགྲོ་ཐུབ་ཅེས་ནན་བཤད་གནང་བ་རེད།

        འཁོར་ཁང་གི་ཐོག་བརྩེགས་ཁང་ཆེན་གྱི་མདུན་དུ་ཞི་ཅིན་ཕིང་གིས་ཁེ་ལས་ཀྱི་ལས་བཟོ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བ་རེད། ཞི་ཅིན་ཕིང་གིས་རང་རྒྱལ་ནི་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་ཆེ་གྲས་གཉིས་པ་དེ་ཡིན་མོད། འོན་ཀྱང་ད་དུང་ཞན་ཆ་མི་ཉུང་བ་ཞིག་ཡོད་དེ། ཐོན་ལས་ཁ་ཤས་ཀྱི་རྨང་གཞི་དེ་ཙམ་བརྟན་པོ་མེད་པས་སྔར་བས་འཕེལ་རྒྱས་གཏོང་བར་ངེས་པར་དུ་གསར་གཏོད་ལ་བརྟེན་དགོས། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱས་ཏེ། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པར་གསར་གཏོད་ནི་ཐག་གཅོད་རང་བཞིན་གྱི་རྒྱུ་རྐྱེན་ཞིག་རེད། ཏང་ཀྲུང་དབྱང་གིས་ཚན་རྩལ་གསར་གཏོད་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཚན་སློབ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་དང་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་ཀྱི་ཡོད། གལ་ཏེ་ང་ཚོའི་གྲོང་ཁྱེར་རེ་རེ་དང་། མཐོ་གསར་ལག་རྩལ་གསར་སྤེལ་ཁུལ་རེ་རེ། ཚན་རྩལ་ཁེ་ལས་རེ་རེ། ཚན་ཞིབ་ལས་དོན་པ་རེ་རེ་བཅས་ཚང་མས་རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་ལ་དམིགས་ནས་ཚན་རྩལ་གསར་གཏོད་ལ་སྐུལ་སྤེལ་ཏན་ཏིག་བཏང་ཚེ། ང་ཚོས་གཏན་ལ་ཕབ་པའི་དམིགས་ཚད་མངོན་འགྱུར་ཐུབ་ངེས་རེད། ང་ཚོ་མི་རབས་འདིས་ངེས་པར་དུ་གཟི་བརྗིད་ཀྱི་ལས་འགན་འདི་འཁུར་དགོས། ཚན་རྩལ་གསར་གཏོད་བྱེད་པར་གཅིག་ནས་མ་འཇོག་ལ་བརྟེན་དགོས་པ་དང་གཉིས་ནས་ཤེས་ལྡན་མི་སྣར་བརྟེན་དགོས། འདི་གར་ཤེས་ལྡན་མི་སྣ་རྩེ་གྲ་མི་ཉུང་བ་ཞིག་འཛོམས་ཡོད་པ་མ་ཟད་ཚང་མ་ལོ་ན་གཞོན་ཞིང་གསོན་ཤུགས་ཀྱིས་ཁེངས་པ་ཞིག་འདུག་པས། ང་ཧ་ཅང་དགའ་པོ་བྱུང་། ཏང་ཀྲུང་དབྱང་གིས་ཚན་རྩལ་ཤེས་ལྡན་མི་སྣ་འཚར་ལོངས་ཡོང་བར་སེམས་ཁུར་ཧ་ཅང་ཆེན་པོ་བྱེད་པ་དང་། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཚན་རྩལ་གསར་གཏོད་ལ་ཕན་པའི་སྒྲིག་སྲོལ་ལམ་སྲོལ་དང་ལས་ཀ་དང་འཚོ་བའི་ཁོར་ཡུག་གསར་སྐྲུན་བྱེད་གང་ཐུབ་བྱས་ཏེ། ཚན་རྩལ་ལས་དོན་པས་མེས་རྒྱལ་དང་མི་དམངས་ལ་ལེགས་སྐྱེས་འབུལ་དུ་འཇུག་དགོས། ཚང་མས་མུ་མཐུད་འབད་བརྩོན་བྱས་ཏེ་གྲུབ་འབྲས་སྔར་ལས་ཆེ་བ་ཐོབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།

        དེ་རྗེས་ཞི་ཅིན་ཕིང་ཏུང་ཧུའུ་མཐོ་གསར་ཁུལ་ཙུའོ་ལིང་ཁྲོམ་གཞུང་ཀྲི་ཡོན་སྡེ་ཁུལ་དུ་རྟོག་ཞིབ་གནང་བར་ཕེབས་པ་རེད། སྡེ་ཁུལ་དེ་ནི་གཞུང་ཁོངས་ཁེ་ལས་ཀྱི་སྡོད་ཁང་སྐྱོ་ཁུལ་སྒྱུར་བཅོས་དང་འཛུགས་སྐྲུན་བྱས་པའི་ཁུལ་ཆུང་ཞིག་ཡིན་པ་དང་། ཏོག་གསར་གློ་ཚད་རིམས་ནད་ཐོན་རྗེས། རིམ་ལྔའི་འགན་ལེན་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ནས་ལས་གནས་ཐོག་བསྐྱར་ལོག་དང་ལས་ཀ་བསྐྱར་འཛུགས་དང་སྔོན་འགོག་ཚོད་འཛིན་དང་དོ་དམ་ཕན་ཚུན་ཟུང་འབྲེལ་བྱེད་པའི་སྡེ་ཁུལ་གྱི་བརྟན་ལྷིང་འགན་ལེན་མ་ལག་ཅིག་ཆགས་པར་བྱས་ཏེ། གྲོང་མིའི་འཚོ་བ་དང་ལས་ཀ་རྒྱུན་གཏན་ལྟར་སླར་གསོ་ཡོང་རྒྱུར་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ཡོད། ཧུའུ་པེ་ཞིང་ཆེན་གྱི་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་རིམས་ནད་ཐོན་རྗེས་ཀྱི་སྡེ་ཁུལ་བཅོས་སྐྱོང་གནས་ཚུལ་གྱི་ངོ་སྤྲོད་གསན་རྗེས། ཞི་ཅིན་ཕིང་གིས་2020ལོར་ཝུའུ་ཧན་སྲུང་སྐྱོབ་དམག་འཐབ་ལ་རྒྱལ་ཁ་ཐོབ་ཚུན། ཉེ་བའི་ལོ་གཉིས་ནང་ཝུའུ་ཧན་དུ་འདུ་འཛོམས་རང་བཞིན་གྱི་རིམས་ནད་ཐེངས་མང་ཐོན་མོད། འོན་ཀྱང་མགྱོགས་མྱུར་ཚོད་འཛིན་ཐུབ་ནས་བསྐྱར་ལོག་ཆེན་པོ་བྱུང་མེད། ཝུའུ་ཧན་གྲོང་ཁྱེར་གྱིས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ཡག་པོ་བསྒྲུབས་ཡོད་པས་ཉམས་མྱོང་ཕྱོགས་སྡོམ་བྱེད་རིན་ཡོད་པ་ཞིག་རེད། ཏང་ཀྲུང་དབྱང་གིས་གཏན་འཁེལ་བྱས་པའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཕྱོགས་དང་སྲིད་ཇུས་ནི་ཡང་དག་པ་ཞིག་དང་ནུས་ལྡན་ཞིག་ཡིན་པ་ལག་ལེན་ལས་ར་སྤྲོད་བྱས་ཡོད། ངེས་པར་དུ་གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་མཐའ་འཁྱོངས་བྱེད་དགོས་པའི་ནན་བཤད་གནང་བ་རེད།

        ཞི་ཅིན་ཕིང་དང་བླངས་ཞབས་ཞུའི་ཚོམས་ཆེན་དུ་ཕེབས་ནས་སྡེ་ཁུལ་གྱི་ལས་དོན་པ་དང་། གཤམ་སྐྱོད་ཏང་ཡོན་ལས་བྱེད་པ། དང་བླངས་པ་བཅས་ཀྱི་ས་ནས་གཞི་རིམ་གྱི་རིམས་ནད་མཉམ་འགོག་མཉམ་སྡོམ་གྱི་ལམ་སྲོལ་འཁོར་སྐྱོད་གནས་ཚུལ་མཁྱེན་རྟོགས་གནང་བ་དང་། ཁོང་ཚོར་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོ་བརྟན་པོ་བསྲུངས་ནས་གྲོང་མི་ཚོར་བློ་བདེ་ལ་འཆམ་མཐུན་གྱི་འཚོ་བའི་ཁོར་ཡུག་ཅིག་གཏོད་དགོས་པའི་ལྕག་སྐུལ་གནང་བ་རེད། ཞི་ཅིན་ཕིང་སྡེ་ཁུལ་དུ་ཕེབས་ཀྱིན་གཟིགས་ཞིབ་གནང་བ་དང་སྡེ་ཁུལ་གྱི་དམངས་ཕན་ཉིང་སྐྱུར་དཔེ་ལེན་སོགས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་ལ་ཁས་ལེན་གང་ལེགས་གནང་བ་རེད། ཞི་ཅིན་ཕིང་གིས་རིམས་ནད་ལ་ཁ་གཏད་གཅོག་པའི་འཐབ་རྩོད་ཁྲོད་འཕྲལ་སྡོམ་གནས་ཚུལ་སྔོན་འགོག་དང་ཚོད་འཛིན་ནམ་ཡང་ན་རྒྱུན་རྣམ་ཅན་གྱི་སྔོན་འགོག་དང་ཚོད་འཛིན་གང་ཞིག་ཡིན་རུང་སྡེ་ཁུལ་གྱིས་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད་ཅེས་ནན་བཤད་གནང་བ་རེད།

        ཀྲི་ཡོན་སྡེ་ཁུལ་གྱིས་ན་རྒས་ཅན་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས་རྒན་གསོའི་ཞབས་ཞུའི་རྣམ་པ་གསར་གཏོད་བྱས་ཏེ་ཁྱིམ་སྡོད་རྨང་གཞིར་བྱེད་པ་དང་། སྡེ་ཁུལ་གཞི་རྟེན་དུ་བྱེད་པ། སྒྲིག་གཞི་ཁ་གསབ་ཏུ་བྱེད་པ། སྨན་བཅོས་དང་རྒན་གསོ་ཟུང་འབྲེལ་བྱེད་པ་བཅས་ཀྱི་རྒན་གསོའི་ཞབས་ཞུའི་རྣམ་པ་ཞིག་བཏོད་ཡོད། སྡེ་ཁུལ་གྱི་ཏང་དམངས་ཞབས་ཞུ་ལྟེ་གནས་སུ། ཞི་ཅིན་ཕིང་གིས་སྡེ་ཁུལ་གྱི་ལས་དོན་པའི་ས་ནས་ཏང་འཛུགས་སྐྱོང་ལ་བརྟེན་ནས་གཞི་རིམ་གྱི་སྡེ་ཁུལ་བཅོས་སྐྱོང་དང་། དེ་བཞིན་དམངས་ཕན་ཞབས་ཞུ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་དང་འབྲེལ་དེ་གར་ལས་དོན་སྒྲུབ་པར་ཡོང་མཁན་རྒན་རྒོན་དང་བྱམས་བརྩེའི་ངང་གླེང་མོལ་གནང་ནས་ཁོང་ཚོའི་ཁྱིམ་ཚང་གི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་རེད།

        ཞི་ཅིན་ཕིང་གིས་སྡེ་ཁུལ་ནི་གྲོང་ཁྱེར་བཅོས་སྐྱོང་མ་ལག་གི་གཞི་རྩའི་ཚན་པ་ཞིག་རེད། རང་རྒྱལ་གྱི་རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་ལེགས་ཆ་ཞིག་ནི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་གྱི་རྨང་གཞི་བརྟན་པོ་འཛུགས་རྒྱུ་དེ་རེད། སྡེ་ཁུལ་གྱི་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་ཆེ་རུ་གཏོང་བ། སྡེ་ཁུལ་དུ་བཅོས་སྐྱོང་བྱེད་རིང་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱེད་དགོས་ཞེས་གསུངས་པ་རེད།

        སྡེ་ཁུལ་གྱི་ཐང་ཆེན་དུ་ལས་བྱེད་པ་དང་མང་ཚོགས་ཚོས་དགའ་འཛོམས་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅིར་འཚམས་འདྲི་ཞུས་པ་རེད། ཞི་ཅིན་ཕིང་གིས་བྱམས་བརྩེའི་ངང་ཚང་མར་ངས་དུས་དང་རྣམ་པ་ཀུན་ཏུ་ཝུའུ་ཧན་མི་དམངས་སེམས་ལ་བཞག་ཡོད། ལོ་གཉིས་ཀྱི་རྗེས་སུ་སླར་ཡང་དཔའ་བོའི་གྲོང་ཁྱེར་ཝུའུ་ཧན་ལ་ཡོང་ནས་ཚང་མར་ལྟ་བར་ཡོང་བ་ཡིན། རིམས་ནད་ཐོན་ཚུན། རྒྱ་ཆེའི་སྡེ་ཁུལ་གྱི་ལས་དོན་པས་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོ་ཡུན་རིང་བརྟན་པོ་བསྲུངས་ནས་ལས་ཀ་ཙག་ཙིག་མང་པོ་བསྒྲུབས་པ་དང་ལྷག་བསམ་ཟོལ་མེད་ངང་སྡེ་ཁུལ་གྱི་གྲོང་མིར་ཞབས་འདེགས་ཞུ་གི་ཡོད་པས་དཀའ་ཚེགས་ཧ་ཅང་ཆེན་པོ་ཡོད་ལ་བྱས་རྗེས་བླ་ན་མེད་པ་བཞག་ཡོད། འདིར་ངས་ལྷན་རྒྱས་དང་རྒྱལ་ཡོངས་ཀྱི་རྒྱ་ཆེའི་སྡེ་ཁུལ་གྱི་ལས་དོན་པར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

        ཞི་ཅིན་ཕིང་གིས་ཏོག་གསར་གློ་ཚད་རིམས་ནད་ནི་ཚོད་བགམ་ཆེན་པོ་ཞིག་རེད། ང་ཚོས་མི་དམངས་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱེད་པ་དང་། རིམས་ནད་ཕྱི་ནས་མི་འགོ་བ་དང་ནང་དུ་བསྐྱར་ལོག་མི་ཡོང་བ་མཐའ་འཁྱོངས་བྱེད་པ། སྐབས་བསྟུན་གཙང་བཟོ་མཐའ་འཁྱོངས་བྱེད་པ། དུས་བསྟུན་བབ་བསྟུན་ངང་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་རྒྱུན་ཆད་མེད་པར་ལེགས་སྒྲིག་བྱེད་པ་བཅས་ཀྱི་སྒོ་ནས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་སྲུང་སྐྱོང་བྱས་ཡོད། རང་རྒྱལ་དུ་མི་འབོར་མང་བས་གལ་ཏེ“མཉམ་སྡེབ་རིམས་འགོག”དང“སྐྱིད་ཉལ”རྒྱག་པའི་རིགས་ཀྱི་སྔོན་འགོག་དང་ཚོད་འཛིན་གྱི་སྲིད་ཇུས་ལག་བསྟར་བྱས་ཚེ་མཇུག་འབྲས་ཡག་པོ་མི་ཐོན་པ་ཉག་གཅིག་རེད། ང་ཚོས་སྐབས་བསྟུན་གཙང་བཟོའི་སྲིད་ཇུས་ལག་བསྟར་བྱེད་པ་ནི་ཏང་ཀྲུང་དབྱང་གིས་ཏང་གི་ངོ་བོ་དང་དམིགས་ཡུལ་ལ་གཞིགས་པ་དང་། རང་རྒྱལ་གྱི་རྒྱལ་ཁབ་ཀྱི་གནས་ཚུལ་ལ་གཞིགས་ནས་གཏན་འཁེལ་བྱས་པ་ཞིག་ཡིན་པས། གནས་སྐབས་རིང་དཔལ་འབྱོར་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་རུང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་གནོད་འཚེ་ཕོག་ཏུ་འཇུག་མི་རུང་ལ་ལྷག་པར་དུ་རྒན་རྒོན་དང་ཕྲུ་གུར་སྲུང་སྐྱོང་ཡག་པོ་བྱེད་དགོས། གལ་ཏེ་བསྡོམས་རྩིས་བརྒྱབ་ཚེ། ང་ཚོའི་རིམས་འགོག་བྱེད་ཐབས་དེ་ནི་རིན་གོང་ཆུང་ཤོས་དང་ཕན་འབྲས་ཆེ་ཤོས་ཤིག་རེད། ང་ཚོར་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་གཞི་རིམ་གྱི་རྨང་གཞི་གལ་ཆེན་ཡིན་པའི་སྡེ་ཁུལ་ཡོད་པས་སྐབས་བསྟུན་གཙང་བཟོའི་སྲིད་ཇུས་ལག་ལེན་བསྟར་བའི་ནུས་པ་ཡོད་ལ་མཐའ་མའི་རྒྱལ་ཁ་ཡང་ཐོབ་ངེས་རེད་ཅེས་ནན་བཤད་གནང་བ་རེད།

        ཞི་ཅིན་ཕིང་གིས། མིག་སྔར་རིམས་ནད་ཀྱི་གནས་ཚུལ་ད་དུང་མཇུག་སྒྲིལ་མེད་པ་དང་། རིམས་ནད་ཕྱི་ནས་མི་འགོ་བ་དང་ནང་དུ་བསྐྱར་ལོག་མི་ཡོང་བའི་གནོན་ཤུགས་ད་དུང་ཧ་ཅང་ཆེན་པོ་ཡོད། མཐའ་འཁྱོངས་ནི་རྒྱལ་ཁ་ཡིན། རྣམ་གཡེང་གི་བསམ་བློ་དང་། དམག་འཐབ་ལ་སུན་སྣང་སྐྱེ་བའི་བསམ་བློ། ལྷོད་གཡེང་གི་བསམ་བློ་བཅས་ཁྱད་བསད་བྱས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཁག་ལ་དམ་འཛིན་ཏན་ཏིག་བྱེད་པ་དང་ཆབས་ཅིག་དཔལ་འབྱོར་བརྟན་ལ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་གང་ཐུབ་བྱེད་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཐབས་ཤེས་གང་ཡོད་བཏོན་ནས་མི་དམངས་མང་ཚོགས་ཀྱི་དཀའ་ངལ་དངོས་སེལ་རོགས་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་དང་མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་ཤུགས་རྐྱེན་ཉུང་ཙམ་ཐེབས་པའི་འགན་ལེན་བྱེད་དགོས། ང་ཚོར་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་སྤྱི་འདོམས་ཡག་པོ་བྱས་ནས་འདི་ལོའི་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཅུང་ལེགས་པའི་ཆུ་ཚད་དུ་སླེབས་ཐུབ་པར་བརྩོན་ལེན་བྱེད་པའི་་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1