མངོན་པ་མཛོད་ལས་བརྩམས་ཏེ་དགེ་མི་དགེའི་སྐོར་ལ་ཅུང་ཟད་དཔྱད་ན། སྤྱིར་བདེ་སྡུག་འབྱུང་མི་འབྱུང་ནི་དགེ་མི་དགེའི་ལས་ལ་རག་ལས་པས། དེས་ན། དགེ་བ་ལ་འདུས་བྱས་དགོས་སམ་མི་དགོས། མི་དགོས་ན་དགེ་བའི་འབྲས་བུ་བདེ་བ་ཞེས་གསུང་རབ་ཀུན་དང་འགལ་བར་མ་ཟད། མཛོད་འགྲེལ་མངོན་པའི་རྒྱན་ནམ་མཆིམས་མཛོད་ལས། དགེ་བའི་མཚན་ཉིད་གསུངས་པ་སོགས་དང་ཡང་འགལ། དེར་མ་ཟད། བསམ་གཏན་གསུམ་པའི་བར་དགེ་བ། །བདེ་བ་མྱོང་འགྱུར་ཞེས་སོགས་ལྟར་ཡིན་མོད།
དེ་ལ་འདི་ལྟར་དཔྱད་དེ། འོ་ན། འཁོར་བ་མི་དགེ་བར་ཐལ། ཐར་བ་ལ་དེའི་ཕྱིར། ཁྱབ་སྟེ། རྩ་བར། བཟློག་པ་མི་དགེ་ཞེས་སོ། ། དེ་བཞིན་དུ་དེའི་ཐད་ཀྱི་མཛོད་རྩ་འགྲེལ་ཀུན་གྱིས་འགྲུབ་བོ། །འདོད་ན། འཁོར་བ་ཆོས་ཅན། ཁམས་གོང་ན་ཁྱོད་མེད་པར་ཐལ། ཁྱོད་མི་དགེ་བ་ཡིན་པའི་ཕྱིར། ཁྱབ་བ་རྩ་འགྲེལ་ཀུན་གྱིས་འགྲུབ་ལ། ཁམས་གོང་གི་སས་བསྡུས་ཀྱི་འཁོར་བ་ཡོད་པར་ཡང་རྩ་འགྲེལ་མཁན་པོ་ཀུན་གྱི་དགོངས་པ་གཅིག་དབྱངས་གཅིག་གོ། །
གོང་དུ་ཐར་བ་དགེ་བ་མིན་ཟེར་ན། ཐར་བ་དགེ་བ་ཡིན་དེ། དེ་དགེ་བ་བཞིའི་དོན་དམ་པའི་དགེ་བ་ཡིན་པའི་ཕྱིར། རྩ་བར། ཐར་བ། །དམ་པའི་དོན་དུ་དགེ་རྩ་བ། །ངོ་ཚ་ཁྲེལ་ཡོད་བདག་ཉིད་ཀྱིས། །དེ་དག་དང་ལྡན་མཚུངས་ལྡན་གྱིས། །བྱ་བ་ལ་སོགས་ཀུན་སློང་བས། །ཞེས་དགེ་བ་བཞི་གསུངས། དེའི་འགྲེལ་བ་རྣམས་ལས་ཀྱང་དེ་ལྟར་གསུངས། དེ་ལ་ཐར་བ་དོན་དམ་པའི་དགེ་བ་ཡིན་ཀྱང་། དགེ་བ་མིན་ཟེར་མཁན་ཡོད་མོད། དེ་ལ་ཡང་། རྩ་བ་ལས། དགེ་བའི་དགེ་ལ་སོགས་པ་ནི། །བཞི་དང་གཉིས་དང་དེ་བཞིན་གསུམ། །ཞེས་གསུངས་པའི་རྩ་འགྲེལ་གྱིས་གནོད་དོ། །
ཐར་བ་ལུང་མ་བསྟན་ཡིན་ན། དགེ་བའི་དགེ་ལ་སོགས་པ་ནི། །གསུམ་དང་གཉིས་དང་དེ་བཞིན་བཞི། །ཞེས་ཟེར་དགོས་ལ་དེ་འདྲ་གང་དུ་ཡང་འགྲེལ་བ་མེད་པས་མི་འཐད་པར་ཤེས་སོ། །དེ་བཞིན་དགེ་བ་ལ་རང་འབྲས་བདེ་བ་འབྱིན་བྱེད་དགོས་ན། བསོད་ནམས་བསོད་ནམས་མིན་མི་གཡོ། །བདེ་བ་མྱོང་འགྱུར་ལ་སོགས་གསུམ། །ཞེས་པས་ཀྱང་དཔྱད་དགོས་ཏེ། མི་གཡོ་བའི་ལས་དེ་དགེ་བ་ཡིན་པའི་ཕྱིར་རོ། །
ཟག་བྱས་ཀྱི་མ་ཐོབ་པ་དགེ་བ་ཡིན་མིན་ཡང་དཔྱད་དགོས་ཏེ། ཡིན་ན། ཐོབ་པ་ལ་དགེ་མི་དགེ་ལུང་མ་བསྟན་གསུམ་དང་། མ་ཐོབ་པ་ལ། མ་བསྒྲིབས་ལུང་མ་བསྟན་གྱིས་ཁྱབ་པ་ནི་རིམ་བཞིན། རྩ་བར། དགེ་ལ་སོགས་ཀྱི་དགེ་ལ་སོགས། །ཞེས་པ་དང་། མ་ཐོབ་མ་བསྒྲིབས་ལུང་མ་བསྟན། །ཞེས་པའི་རྩ་འགྲེལ་ཀུན་གྱིས་འགྲུབ་པས་རྩོད་མེད་ཡིན་པས་དགེ་བ་མིན་ནོ། །དེ་དགེ་བ་མིན་ཟེར་ན། ཟག་མེད་ལམ་བདེན་དང་དེར་གཏོགས་གང་རུང་ཡིན་དེ། ཟག་མེད་འདུས་བྱས་ཡིན་པའི་ཕྱིར། ཁྱབ་སྟེ། རྩ་བར། ལམ་མ་གཏོགས་པའི་འདུ་བྱས་རྣམས། །ཟག་བཅས་ཞེས་དང་། ཟག་མེད་ལམ་གྱི་བདེན་པ་དང་། །ཤེས་པས་ཀྱང་དཔྱད།
ཡང་མིག་རྣའི་མངོན་ཤེས་དགེ་བ་མིན་པར། རྩ་བར། མིག་དང་རྣ་བའི་མངོན་ཤེས་ནི། །ལུང་དུ་མ་བསྟན་ལྷག་རྣམས་དགེ། །ཞེས་དང་། ལུང་བསྟན་མིན་ཐོབ་ལྷན་ཅིག་སྐྱེ། །མངོན་ཤེས་སྤྲུལ་བ་མ་གཏོགས་པ། །ཞེས་སོགས་རྩ་འགྲེལ་གྱིས་འགྲུབ་ལ། འདོད་ན། མིག་རྣའི་མངོན་ཤེས་དགེ་བ་ཡིན་ཏེ། དྲན་པ་ཉེར་བཞག་ཡིན་པའི་ཕྱིར་ཏེ། ལུས་དྲན་པ་ཉེར་བཞག་ཡིན་པའི་ཕྱིར་ཏེ། རྩ་བར། དང་བོ་རྫུ་འཕྲུལ་རྣ་བ་མིག་ཅེས་པ་དང་། དབང་ཤེས་ལ་ནི་དགེ་བ་ཡོད་པའི་ཕྱིར་ན། དེ་གཉིས་དགེ་བ་མིན་པའི་རྒྱུ་མཚན་གང་ལ་ཐུག
དེ་བཞིན་དུ་རྫུ་འཕྲུལ་གྱི་མངོན་ཤེས་དགེ་བ་ཡིན་ཏེ། ལྷག་རྣམས་དགེ་ཞེས་པས་འགྲུབ། དེ་ལ་དགེ་བ་དགོས་ན། མངོན་ཤེས་སྤྲུལ་བ་མ་གཏོགས་ཞེས་པ་དང་། སྐྱེ་བ་ལས་སྐྱེས་རྣམ་གསུམ་མོ། །ཞེས་པས་མི་གནོད་དམ། གོང་གི་དེ་སྒོམ་བྱུང་ཟེར་ན། བསྒོམ་ལས་སྐྱེ་བ་ལུང་མ་བསྟན། །ཞེས་གསུངས་པས་ཀྱང་དཔྱད། དེ་མིན་དཔྱད་དགོས་མང་ཡང་ཡི་གེ་མང་དོགས་སོ། །དེ་རྣམས་ཀྱི་བཤད་བྱ་རྩ་བའི་མདོ་དང་མངོན་པ་སྡེ་བདུན་རྩ་འགྲེལ། འགྲེལ་བཤད་གཉིས་དང་བཅས་པ་ལ་ཞིབ་དུ་དཔྱད་ན་མི་འགལ་བ་མ་ཟད། ངོ་མཚར་བའི་ལྟད་མོ་ཡོད་དོ། །