ཟླ་7ཚེས་1ཉིན་གྱི་སྔ་དྲོར། ཤང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་25འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་སྐབས་དྲུག་པའི་འགན་བཞེས་མཛད་སྒོ་ཤང་ཀང་ཚོགས་འགྲེམས་ལྟེ་གནས་སུ་གཟབ་རྒྱས་ངང་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཞུགས་པ་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་བ།
ཤང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་25འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་སྐབས་དྲུག་པའི་འགན་བཞེས་མཛད་སྒོ་གཟབ་རྒྱས་ངང་འཚོགས་པ།
ཞི་ཅིན་ཕིང་ཞུགས་པ་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་ཤང་ཀང་ནས་ཟླ་7ཚེས་1ཉིན་གློག་འཕྲིན་འབྱོར་བ་གཞིར་བཟུང་། ཚེས་1ཉིན་གྱི་སྔ་དྲོར། ཤང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་25འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་སྐབས་དྲུག་པའི་འགན་བཞེས་མཛད་སྒོ་ཤང་ཀང་ཚོགས་འགྲེམས་ལྟེ་གནས་སུ་གཟབ་རྒྱས་ངང་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཞུགས་པ་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་ལོ་25ཡི་རིང་མེས་རྒྱལ་གྱི་རྒྱབ་སྐྱོར་ཤུགས་ཆེན་དང་། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་དང་སྤྱི་ཚོགས་ལས་རིགས་ཁག་གི་ཐུན་མོང་འབད་བརྩོན་འོག “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་ལ་ཤང་ཀང་དུ་སྐྱེ་བོ་ཀུན་གྱིས་ཁས་ལེན་པའི་གྲུབ་འབྲས་ཐོབ་ཡོད། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ནི་ལག་ལེན་དངོས་ཀྱིས་ཞིབ་དཔྱད་ཡང་ཡང་བྱས་པ་ཞིག་དང་། རྒྱལ་ཁབ་དང་མི་རིགས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པ། ཤང་ཀང་དང་ཨའོ་མོན་གྱི་རྩ་བའི་ཁེ་ཕན་དང་མཐུན་པ། མེས་རྒྱལ་གྱི་མི་དམངས་དུང་ཕྱུར་14ལྷག་ཙམ་གྱིས་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ། ཤང་ཀང་དང་ཨའོ་མོན་གྱི་གྲོང་མིས་བརྩི་བཀུར་མཐའ་གཅིག་ཏུ་བྱེད་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཁས་ལེན་རྒྱ་ཁྱབ་བྱེད། ལམ་ལུགས་ཡག་པོ་འདི་ལྟ་བུར་འགྱུར་བ་གཏོང་བའི་དགོས་པ་གང་ཡང་མེད། ངེས་པར་དུ་ཡུན་རིང་མཐའ་འཁྱོངས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
ཚོགས་རའི་རྣམ་པ་རྔམ་བརྗིད་ལྡན་ལ་འཁྲུག་ཆ་དོད་ཅིང་། ཀྲུའུ་ཞི་སྡིངས་ཆའི་སྟེང་གི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་དང་། རྒྱལ་རྟགས། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཁུལ་དར་བཅས་ལྷག་པར་མངོན་གསལ་དོད། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལས་ཐོག་དྲུག་པ་ལི་ཅ་ཁྲའོ་དང་སྐུ་ཟླ་ལིན་ལི་ཁྲན་རྣམ་གཉིས་ཀྱི་ཕེབས་རོགས་འོག་ཚོགས་རར་ཕེབས་སྐབས། ཚོགས་ར་ཡོངས་ཀྱི་མི་རྣམས་ཀྱིས་ཡར་བཞེངས་པ་དང་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས།
སྔ་དྲོའི་ཆུ་ཚོད་10པ་ཙམ་ལ་རྟེན་འབྲེལ་ཚོགས་ཆེན་དང་འགན་བཞེས་མཛད་སྒོ་འགོ་ཚུགས་ཤིང་། ཚང་མས་ཡར་བཞེངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས་པ་རེད།
ཞི་ཅིན་ཕིང་ཀྲུའུ་ཞི་སྡིངས་ཆར་ཕེབས་ནས་དམ་བཅར་གཟིགས་ཞིབ་གནང་ཞིང་། ལི་ཅ་ཁྲའོ་ཡིས་དང་ཐོག་འགན་བཞེས་དམ་བཅའ་བཞག་ཅིང་། ཁོང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་དང་། རྒྱལ་རྟགས། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཁུལ་དར་བཅས་ལ་ཕྱོགས་ཏེ་ཕྱག་གཡས་པ་བཀྱགས་ནས། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་གཟི་བརྗིད་ལྡན་པའི་ངང་དམ་བཅའ་བཞག་པ་རེད།
དེ་རྗེས། ཞི་ཅིན་ཕིང་གིས་དམ་བཅར་གཟིགས་ཞིབ་གནང་སྟེ། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་སྐབས་དྲུག་པའི་དཔོན་རིགས་གཙོ་བོས་ལི་ཅ་ཁྲའོ་ཡི་སྣེ་ཁྲིད་འོག་འགན་བཞེས་དམ་བཅའ་བཞག་པ་རེད།
དེ་ནས། ལི་ཅ་ཁྲའོ་ཡིས་དམ་བཅར་གཟིགས་ཞིབ་གནང་སྟེ། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་གྲོས་ཚོགས་ཀྱི་ཁོངས་མིས་འགན་བཞེས་དམ་བཅའ་བཞག་པ་རེད།
སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད་དུ་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་དང་ཐོག་ཤང་ཀང་གི་གྲོང་མི་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་དང་། གསར་དུ་བསྐོ་གཞག་བྱས་པའི་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལས་ཐོག་དྲུག་པ་ལི་ཅ་ཁྲའོ་དང་། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་སྐབས་དྲུག་པའི་དཔོན་རིགས་གཙོ་གྲས། སྲིད་འཛིན་གྲོས་ཚོགས་ཀྱི་ཁོངས་མི་བཅས་ལ་སྤྲོ་སེམས་འཁོལ་པོས་བཀྲ་ཤིས་བདེ་ལེགས་ཞུས་པ། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱ་གཞག་ལ་རྒྱབ་སྐྱོར་དང་། ཤང་ཀང་གི་དར་རྒྱས་བརྟན་ལྷིང་ལ་རྒྱབ་སྐྱོར་གནང་མཁན་རྒྱལ་ཁབ་ཕྱི་ནང་གི་སྤུན་ཟླ་དང་རྒྱལ་སྤྱིའི་མཛའ་གྲོགས་མི་སྣར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་རེད།
ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་ལྔ་སྟོང་ལྷག་གི་ཤེས་དཔལ་ལོ་རྒྱུས་སུ། ཧྭ་ཞ་ཡི་མེས་པོ་ཚོས་ལིང་ནན་ས་གཞི་ཆེན་པོར་དཀའ་སྤྱད་རྨོ་འདེབས་བྱས་ཚུལ་འཁོད་ཡོད་པ་དང་། ཉལ་ཐའི་དམག་འཁྲུག་རྗེས་ཀྱི་ཀྲུང་གོའི་ཉེ་རབས་ལོ་རྒྱུས་སུ། ཐབས་ཟད་ནས་ཤང་ཀང་གཞན་ལ་བཅད་སྤྲོད་བྱེད་དགོས་བྱུང་བའི་བརྙས་བཅོས་ཕོག་པའི་ལོ་རྒྱུས་འཁོད་པ་མ་ཟད། དེ་བས་ཀྱང་ཀྲུང་ཧྭའི་བུ་ཕྲུག་གིས་རྒྱལ་ཁབ་སྐྱོབ་ཐབས་བྱས་པའི་འཐབ་རྩོད་བྱས་ཚུལ་ཡང་འཁོད་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་རྔམ་བརྗིད་ཆེ་བའི་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་སུ། སྤུན་ཟླ་ཤང་ཀང་བས་ཕུལ་བའི་ཐུན་མོང་མ་ཡིན་པ་དང་ལེགས་སྐྱེས་གལ་ཆེན་འཁོད་ཡོད། སྔར་ནས་ད་བར་སྤུན་ཟླ་ཤང་ཀང་བས་ཐོག་མཐའ་བར་གསུམ་དུ་མེས་རྒྱལ་དང་སྐྱིད་སྡུག་མཉམ་མྱོང་དང་ཤ་རུས་གཅིག་འདྲེས་བྱས་ཡོད་ཅེས་ནན་བཤད་གནང་བ་རེད།
ཞི་ཅིན་ཕིང་གིས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་གཞི་རྩའི་དམིགས་ཡུལ་ནི་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་དབང་བཅས་ལ་སྲུང་སྐྱོང་བྱེད་ཆེད་དང་། ཤང་ཀང་དང་ཨའོ་མོན་ཡུན་རིང་དར་རྒྱས་དང་བརྟན་ལྷིང་རྒྱུན་འཁྱོངས་ཐུབ་ཆེད་རེད། ཀྲུང་དབྱང་སྲིད་གཞུང་གིས་བྱས་པ་མཐའ་དག་ནི་རྒྱལ་ཁབ་ཡག་པོ་དང་། ཤང་ཀང་ཡག་པོ། ཨའོ་མོན་ཡག་པོ། ཤང་ཀང་དང་ཨའོ་མོན་གྱི་སྤུན་ཟླ་རྣམས་ཡག་པོ་བཅས་ཡོང་ཆེད་རེད། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ནི་ལག་ལེན་དངོས་ཀྱིས་ཞིབ་དཔྱད་ཡང་ཡང་བྱས་པ་དང་། རྒྱལ་ཁབ་དང་མི་རིགས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པ། ཤང་ཀང་དང་ཨའོ་མོན་གྱི་རྩ་བའི་ཁེ་ཕན་དང་མཐུན་པ། མེས་རྒྱལ་གྱི་མི་དམངས་དུང་ཕྱུར་14ལྷག་ཙམ་གྱིས་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པ། ཤང་ཀང་དང་ཨའོ་མོན་གྱི་གྲོང་མིས་མཐའ་གཅིག་ཏུ་བརྩི་བཀུར་བྱེད་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མོས་མཐུན་རྒྱ་ཁྱབ་བྱེད་ཀྱི་ཡོད། ལམ་ལུགས་ཡག་པོ་འདི་ལྟ་བུར་འགྱུར་བ་གཏོང་བའི་དགོས་པ་གང་ཡང་མེད། ངེས་པར་དུ་ཡུན་རིང་མཐའ་འཁྱོངས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
ཞི་ཅིན་ཕིང་གིས་ཤང་ཀང་དུ“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཕུན་སུམ་ཚོགས་པོའི་ངང་ལག་ལེན་བསྟར་བ་དེས་ང་ཚོར་ཉམས་མྱོང་རྩ་ཆེན་མང་པོ་བཞག་ཡོད་ལ་གཏིང་ཟབ་པའི་བློ་སྒོའང་མི་ཉུང་བ་ཞིག་ཕྱེ་ཡོད། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་གྱི་ཆོས་ཉིད་ལ་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཡང་དག་ཆུད་ན། གཞི་ནས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱ་གཞག་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཕྱོགས་སུ་བརྟན་ཐོག་རྒྱང་འཁྱོལ་ཐུབ་པའི་འགན་ལེན་ཐུབ་ངེས་ཡིན་ཞེས་བསྟན་གནང་བ་སྟེ།
གཅིག ངེས་པར་དུ“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་མཛད་ཕྱོགས་ཕྱོགས་ཡོངས་དང་གནད་ལ་འཁེལ་པོས་ལག་ལེན་བསྟར་དགོས། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་མཛད་ཕྱོགས་ནི་མ་ལག་ཆ་ཚང་ཞིག་ཡིན། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་ལ་སྲུང་སྐྱོང་བྱེད་པ་ནི“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་མཛད་ཕྱོགས་ཀྱི་ཆེས་མཐོའི་རྩ་དོན་རེད། སྔོན་འགྲོའི་ཆ་རྐྱེན་འདིའི་འོག ཤང་ཀང་དང་ཨའོ་མོན་གཉིས་ཀྱིས་སྔར་ཡོད་ཀྱི་མ་རྩ་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་བྱེད་པ་ལས་ཡུན་རིང་འགྱུར་བ་མི་གཏོང་བར་ཚད་མཐོའི་རང་སྐྱོང་དབང་ཆ་ལོངས་སུ་སྤྱོད་རྒྱུ་ཡོད། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་མཛད་ཕྱོགས་ཕྱོགས་ཡོངས་དང་གནད་ལ་འཁེལ་པོས་ལག་ལེན་བསྟར་ཏེ་ཤང་ཀང་དང་ཨའོ་མོན་གཉིས་ཀར་མཐའ་ཡས་པའི་འཕེལ་རྒྱས་ཀྱི་བར་སྟོང་སྐྲུན་ཐུབ། “རྒྱལ་ཁབ་གཅིག”གི་རྩ་དོན་ཇེ་བརྟན་དུ་སོང་ན“ལམ་ལུགས་གཉིས”ཀྱི་བཟང་ཆ་ཡང་ཇེ་གསལ་དུ་འགྲོ་སྲིད།
གཉིས། ངེས་པར་དུ་ཀྲུང་དབྱང་གིས་ཁྱོན་ཡོངས་ནས་དོ་དམ་དང་བཅོས་སྐྱོང་བྱེད་པའི་དབང་ཆ་མཐའ་འཁྱོངས་དང་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཚད་མཐོའི་རང་སྐྱོང་གི་དབང་ཆ་འགན་ལེན་བྱེད་པ་གཉིས་ཕན་ཚུན་གཅིག་གྱུར་ཡོང་བར་བྱེད་དགོས། ཀྲུང་དབྱང་སྲིད་གཞུང་ལ་དམིགས་བསལ་སྲིད་འཛིན་ཁུལ་ཕྱོགས་ཡོངས་ནས་དོ་དམ་དང་བཅོས་སྐྱོང་བྱེད་པའི་དབང་ཆ་ཡོད་པ་ནི་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཚད་མཐོའི་རང་སྐྱོང་དབང་ཆའི་འབྱུང་རྩ་རེད། དེ་དང་ཆབས་ཅིག་ཏུ་ཀྲུང་དབྱང་གིས་དམིགས་བསལ་སྲིད་འཛིན་ཁུལ་ལ་ཁྲིམས་ལྟར་ལོངས་སུ་སྤྱོད་རྒྱུ་ཡོད་པའི་ཚད་མཐོའི་རང་སྐྱོང་དབང་ཆར་བརྩི་འཇོག་གང་ལེགས་དང་མཐའ་གཅིག་ཏུ་སྲུང་སྐྱོང་བྱས་དང་བྱེད་མུས་རེད། ཀྲུང་དབྱང་གིས་ཁྱོན་ཡོངས་ནས་དོ་དམ་དང་བཅོས་སྐྱོང་བྱེད་པའི་དབང་ཆ་དོན་འཁྱོལ་དང་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཚད་མཐོའི་རང་སྐྱོང་དབང་ཆ་འགན་ལེན་བྱེད་པ་ནི། གཅིག་གྱུར་འབྲེལ་མཐུད་བྱས་པ་ཞིག་ཡིན་ཞིང་། འདི་འདྲ་བྱེད་ཐུབ་ན་གཞི་ནས་དམིགས་བསལ་སྲིད་འཛིན་ཁུལ་བཅོས་སྐྱོང་ཡག་པོ་བྱེད་ཐུབ།
གསུམ། ངེས་པར་དུ“རྒྱལ་གཅེས་པས་ཤང་ཀང་བཅོས་སྐྱོང”དོན་འཁྱོལ་བྱེད་དགོས། སྲིད་དབང་ངེས་པར་དུ་རྒྱལ་གཅེས་པའི་ལག་ཏུ་འཛིན་དགོས་པ་ནི་འཛམ་གླིང་ཀུན་འཕྲོད་ཀྱི་ཆབ་སྲིད་ཆོས་ཉིད་རེད། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་དོ་དམ་དང་བཅོས་སྐྱོང་བྱེད་དབང་རྒྱལ་གཅེས་པའི་ལག་ཏུ་དམ་པོར་འཛིན་པ་ནི་ཤང་ཀང་ཡུན་རིང་བདེ་འཁོད་ལ་འགན་ལེན་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཡིན་པས་ག་དུས་ཡིན་ན་ཡང་གཡོ་འགུལ་གཏོང་མི་རུང་། དོ་དམ་དང་བདག་སྐྱོང་བྱེད་དབང་ལ་སྲུང་སྐྱོང་ཡག་པོ་བྱེད་པ་ནི་ཤང་ཀང་གི་དར་རྒྱས་དང་བརྟན་ལྷིང་སྲུང་སྐྱོང་དང་། ཤང་ཀང་གི་གྲོང་མི་ཁྲི་བདུན་བརྒྱ་ལྷག་ཙམ་གྱི་བདེ་རྩར་ཐུག་པའི་ཁེ་ཕན་སྲུང་སྐྱོང་བྱེད་པ་འདི་རེད།
བཞི། ངེས་པར་དུ་ཤང་ཀང་གི་དམིགས་བསལ་གནས་བབ་དང་ལེགས་ཆ་རྒྱུན་འཁྱོངས་བྱེད་དགོས། མེས་རྒྱལ་ལ་བརྟེན་པ་དང་འཛམ་གླིང་ལ་སྦྲེལ་མཐུད་བྱེད་པ་ནི་ཤང་ཀང་གི་ཐུན་མོང་མ་ཡིན་པའི་མངོན་གསལ་དོད་པའི་ལེགས་ཆ་ཞིག་རེད། ཀྲུང་དབྱང་སྲིད་གཞུང་གིས་ཤང་ཀང་གིས་ཡུན་རིང་དམིགས་བསལ་གྱི་གནས་བབ་དང་ལེགས་ཆ་རྒྱུན་འཁྱོངས་དང་། རྒྱལ་སྤྱིའི་དངུལ་རྩ་དང་། མཚོ་འདྲེན། ཚོང་དོན་བཅས་ལྟེ་གནས་ཀྱི་གནས་བབ་བརྟན་དུ་གཏོང་བ། རང་དབང་དང་། སྒོ་དབྱེ། ཚད་ལྡན་གསུམ་གྱི་ཚོང་གཉེར་ཁོར་ཡུག་ལ་སྲུང་སྐྱོང་། སྤྱིར་བཏང་གི་བཅའ་ཁྲིམས་ལམ་ལུགས་རྒྱུན་འཁྱོངས། ཤར་བགྲོད་སྟབས་བདེའི་རྒྱལ་སྤྱིའི་འབྲེལ་བ་རྒྱ་སྐྱེད་གཏོང་བ་བཅས་ལ་རྒྱབ་སྐྱོར་ཡོངས་སུ་བྱེད་ཀྱི་ཡིན། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་དུ་ཤང་ཀང་གིས་གཏན་གཏན་ལེགས་སྐྱེས་ཆེན་པོ་འབུལ་ཐུབ་ངེས་རེད།
ཞི་ཅིན་ཕིང་གིས་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་སྐབས་གསར་པ་དང་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣར་ཐུགས་རེ་ཁག་བཞི་བཅོལ་གནང་བ་སྟེ། བཅོས་སྐྱོང་གི་ཆུ་ཚད་ནུས་ཤུགས་ཡོད་རྒུས་མཐོ་རུ་བཏང་སྟེ། སྲིད་བཟང་སྐྱོང་མཁས་ཀྱི་རྣམ་པ་གསར་པ་མངོན་པར་བྱེད་དགོས་པ་དང་གཅིག འཕེལ་རྒྱས་ཀྱི་སྒུལ་ནུས་རྒྱུན་ཆད་མེད་པར་ཤུགས་ཆེར་བཏང་སྟེ། ཤང་ཀང་གི་སྤྱི་ཚོགས་ལ་ལྡན་པའི་གསར་གཏོད་ཀྱི་ནུས་པ་དང་འཕེལ་རྒྱས་ཀྱི་གསོན་ཤུགས་ཧ་ཅང་ཆེན་པོ་གང་ལེགས་འདོན་དགོས་པ་དང་གཉིས། མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་ཏན་ཏིག་བསལ་ཏེ། འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་མང་པོ་དང་དེ་བས་དྲང་བཞག་གི་སྒོ་ནས་གྲོང་མི་ཡོངས་ལ་འཐོབ་པར་བྱེད་དགོས་པ་དང་གསུམ། ཞི་མཐུན་བརྟན་ལྷིང་མཉམ་དུ་བསྲུངས་ཏེ། སྔར་བས་མཛེས་སྡུག་ལྡན་པའི་འཚོ་བ་མཉམ་དུ་གཏོད་དགོས་པ་དང་བཞི་བཅས་རེད།
ལི་ཅ་ཁྲའོ་ཡིས་གསུང་བཤད་གནང་སྐབས། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་ལས་ཐོག་དྲུག་པའི་སྲིད་འཛིན་དཔོན་གྱི་ངོས་ནས། ང་རང་ལ་གཟི་བརྗིད་ལྷག་པར་ཆེ་བ་ཚོར་བྱུང་ལ་འགན་འཁྲི་ལྕི་པོ་ཡོད་པའང་གསལ་པོ་ཤེས་ཀྱི་འདུག ངས་དོ་དམ་དང་བཅོས་སྐྱོང་ཚོགས་པའི་སྣེ་ཁྲིད་དེ་ནུས་ཤུགས་ཡོད་རྒུས་ཤང་ཀང་གི་སྤྱི་ཚོགས་ཀྱི་ལས་རིགས་ཁག་ལ་མཐུན་སྒྲིལ་དང་། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང་། “ཤང་ཀང་བས་ཤང་ཀང་བཅོས་སྐྱོང”ཚད་མཐོའི་རང་སྐྱོང་བཅས་ཀྱི་མཛད་ཕྱོགས་ཁྱོན་ཡོངས་དང་གནད་ལ་འཁེལ་པོས་ལག་བསྟར། རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་སུ་གཏན་ལ་ཕབ་པའི་དམིགས་བསལ་སྲིད་འཛིན་ཁུལ་གྱི་རྩ་ཁྲིམས་ལམ་ལུགས་དང་སྒྲིག་ལམ་སྲུང་སྐྱོང་། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོང་བཅས་བྱས་ཏེ། ཤང་ཀང་ཡུན་རིང་དར་རྒྱས་བརྟན་ལྷིང་ཡོང་བའི་འགན་ལེན་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་ལེགས་སྐྱེས་འབུལ་གྱི་ཡིན་ཞེས་གསུངས་པ་རེད།
ཟླ་7ཚེས་1ཉིན་གྱི་སྔ་དྲོར། ཤང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་25འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་སྐབས་དྲུག་པའི་འགན་བཞེས་མཛད་སྒོ་ཤང་ཀང་ཚོགས་འགྲེམས་ལྟེ་གནས་སུ་གཟབ་རྒྱས་ངང་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཞུགས་པ་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་ཞིང་། འདི་ནི་ཞི་ཅིན་ཕིང་གིས་དམ་བཅར་གཟིགས་ཞིབ་གནང་སྟེ། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལས་ཐོག་དྲུག་པ་ལི་ཅ་ཁྲའོ་ཡིས་དམ་བཅའ་འཇོག་བཞིན་པ།