ན་ནིང་སྤྱི་ཟླ་8པའི་ཚེས་12ཉིན་གྱི་སྔ་དྲོའི་ཆུ་ཚོད་བཅུ་པའི་ཐོག་ལམ་ལ་ཆས་ཏེ་སྡེ་དགེ་ལྷུན་གྲུབ་སྟེང་ནས་ལྷོ་ཕྱོགས་སུ་སྤྱི་ལེ་བཅུ་གསུམ་ཙམ་བགྲོད་ནས་གནས་མཆོག་ལྕགས་ར་ལྷ་རྩེ་མཇལ་དུ་ཕྱིན་པ་ཡིན། ལྕགས་ར་བྲག་སྒོ་ནས་བུད་མ་ཐག་འབྲི་གུང་བཀའ་བརྒྱུད་ཀྱི་དགོན་ཤུལ་ཨ་ཕྱི་ཆོས་ཀྱི་སྒྲོན་མའི་མགོན་ཁང་དང་བླ་མཚོ་མཐོང་ལམ་དུ་གྱུར། རི་རྒྱུད་འདིའི་སྒང་གི་རྩེ་མོར་གཙུག་ལག་ཁང་ཡིན་ནམ་སྙམ་པའི་ཁང་པ་ཆེན་པོ་གཅིག་གི་རྩིག་རྨང་ལ་ཚོན་དཀར་དམར་མཐིང་གསུམ་བྱུགས་ཡོད་པ་དང་།མཐའ་སྐོར་གྱི་ཁོ་ར་ཁོར་ཡུག་ཏུ་གྲྭ་གཤག་སྦྲེལ་མར་མཆོད་རྟེན་མང་པོ་བསྟར་ལ་བསྒྲིགས་པ་ཚུལ་དུ་ཡོད་པའང་མཐོང་།
དེའང་འདི་སྐད་དུ་ཐོས་ཏེ། མི་མི་འགྱུར་རྒྱ་ཚ་ཞལ་དཀར། །མཁར་མི་འགྱུར་དངུལ་ཆུ་ཁྲོ་རྫོང་། །གནས་མི་འགྱུར་བསམ་འགྲུབ་ལྷ་རྩེ། །ཞེས་ཡོངས་སུ་གྲགས་པ་སྟེ། དེང་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་དགེ་རྫོང་ལྕགས་ར་ཡུལ་ཤོག་དགོན་འདབ་གྲོང་དུ་ཆགས་ཡོད། གནས་འདི་ལྕགས་ར་བསམ་འགྲུབ་ལྷ་རྩེ་དགོན་དང་། གླིང་གེ་སར་རྒྱལ་པོའི་ཕུ་བོ་རྒྱ་ཚ་ཞལ་དཀར་གྱི་གདན་ས་ཕོ་བྲང་ཞལ་ལུའི་དངུལ་ཆུ་ཁྲོ་རྫོང་ཆགས་གནས་ཡིན་ལ། གླིང་གེ་སར་རྒྱལ་པོ་དང་། ཕུ་བོ་རྒྱ་ཚ་ཞལ་དཀར། ལྷ་སྲས་དགྲ་ལྷ་རྩེ་རྒྱལ་སོགས་ནས་བརྒྱུད་པའི་གླིང་གི་དཔོན་ཆེན་གདུང་རབས་རིམ་བྱུང་བཅས་ཆགས་ས་ཡིན་པ་ལོ་རྒྱུས་ཡིག་ཆ་རྙིང་པ་ལས་གསལ།དེའང་མཁར་མི་འགྱུར་དངུལ་ཆུ་ཁྲོ་རྫོང་འདིས་ལྟེ་བར་བྱས་ཤིང་། ཤར་རྫོང་ཉི་མ་རང་ཤར། ལྷོ་རྫོང་ཟོ་ལུ་གནམ་བཏགས། ནུབ་རྫོང་ཁུ་བྱུག་མགུལ་དཀྲིས། བྱང་རྫོང་རྒོད་ཚང་ཁ་གཡེལ་བཅས་ཕྱོགས་བཞིར་རྫོང་ཆུང་བཞིས་མཐའ་ནས་བསྐོར་བ། ཕུ་གསུམ་དཀར་ཡག་གངས་ཀྱི་རི། །གངས་ལ་སེང་གེ་འཁོར་བའི་རི། །བར་གསུམ་ཆ་མ་ཞིང་གི་རི། །ཞིང་ལ་འབྲུ་དྲུག་སྨིན་པའི་རི། །མདའ་གསུམ་ཙན་དན་ནགས་ཀྱི་རི། །ནགས་ལ་རྒྱ་སྟག་འཁོར་བའི་རི། །ཞེས་ཡུལ་གྱི་ཆགས་ཚུལ་སྤྱི་དང་། བྱེ་བྲག་ཏུ་བརྒྱ་རྩ་བརྒྱད་མཆོད་རྟེན་ར་བ། སྟོང་རྩ་གཉིས་ཚ་ཚའི་འབུམ་ཁང་། ཞེས་མ་བཅོས་རང་བྱུང་དུ་གྲུབ་པ་དང་།ཕྱི་ཕྱོགས་སུ་ཤར་གྱི་གཡང་སྒོ་རྐེ་སྲིབ་ལུང་པས་ཕྱེས་པ། ལྷོ་ཡི་ཆོས་སྒོ་ལྷ་ཐང་ཡངས་པོར་ཕྱེས་པ། ནུབ་ཀྱི་ཀེག་སྒོ་དར་རྫོང་རི་བོས་བཀག་པ། བྱང་གི་དགྲ་སྒོ་སྦྲ་འགུ་ལྕགས་རས་བཅད་པ། དེའི་ཕྱི་རོལ་ལ་ཤར་དུ་གྲུབ་པའི་གནས་མཆོག་ཆེན་པོ་སོར་སྒྲོམ་གཉེན་པོ། ལྷོ་རུ་གནས་བདག་རྒོད་འབྲང་གཉེན་པོ། ནུབ་ཏུ་ཨ་ཕྱི་ཆོས་ཀྱི་སྒྲོན་མའི་བླ་མཚོ། བྱང་དུ་འབྲི་གཉན་མདངས་རྡོ་རྗེ་བློ་གྲོས་སོགས་ཀྱིས་གནས་མཆོག་འདི་སྲུང་བའི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གནས་བདག་གཞི་བདག་ཡུལ་བདག་རྣམས་ཀྱིས་ཉིན་མཚན་གཡེལ་མེད་དུ་སྲུང་སྐྱོབ་སྦས་གསུམ་བྱས་དང་བྱེད་བཞིན་པ་ཡིན་ཞིང་། གནས་བདག་འདི་དག་ལ་རིག་འཛིན་གྱི་སློབ་དཔོན་ཆེན་པོ་པདྨ་ཀཱ་རས་སྔོན་དུས་དཔའ་རྒྱ་ཚའི་གདན་ས་དང་། ཕྱིས་སུ་དཔལ་ཨེ་ཝཾ་པའི་དགོན་པ་འདི་སྲུང་ཞིང་སྐྱོང་བའི་བཀའ་བསྒོ་དམ་བཞག་མཛད་པ་ལགས།
ཞ་ལུ་དངུལ་ཆུ་ཁྲོ་རྫོང་།
གསེར་ཉས་འཁྱུག་ལྡེམ་བྱེད་པ་ལྟ་བུའི་རི་རྒྱུད་འདིའི་སྒང་གི་རྩེ་མོར་ཞལ་ལུའི་དངུལ་ཆུ་ཁྲོ་རྫོང་ཆགས་ཤིང་། དེའང་གླིང་གི་དུས་སུ་དཔའ་རྒྱ་ཚས་རྫོང་འདི་བཞེངས་སྐབས་གྱང་རྐང་ལ་ཁྲོ་ཆུ་ཞུན་མ་བླུགས་ཏེ་དེའི་སྟེང་དུ་རྫོང་མཁར་བཞེངས་པ་ཡིན། ཁྲོ་ཆུ་ཞུ་མས་གྱང་རྐང་བྱས་པ་དེ་ཕྱིས་སུའང་མཇལ་རྒྱུ་ཡོད། དོན་དངོས་ཀྱི་ཐོག་ནས་བཤད་ན། ཞལ་ལུའི་དངུལ་ཆུ་ཁྲོ་རྫོང་འདི་ནི་འཇམ་དཔལ་གཤིན་རྗེའི་གཤེད་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་འཁོར་ཆེན་མོ་ཡིན་ཞིང་། དག་པའི་སྣང་བ་ཐོབ་པའི་སྐྱེས་བུ་རྣམས་ཀྱིས་དེ་རུ་འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་དཀྱིལ་འཁོར་དངོས་སུ་མཇལ་བའི་ལོ་རྒྱུས་མཆིས། དེར་བརྟེན་ཞལ་ལུའི་དངུལ་ཆུ་ཁྲོ་རྫོང་དུ་དུས་ཕྱིས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ལྷ་ཁང་བཞེངས་པ་དང་།འཇིགས་བྱེད་ཀྱི་དཀྱིལ་ཆོག་སྒྲུབ་མཆོད། འཇིགས་བྱེད་ཀྱི་སྒྲུབ་གྲྭ་བཅས་བཙུགས་ནས་གནས་མཆོག་དེར་མ་མཁའ་འགྲོའི་ཞལ་རླངས་དྲོ་འཁྱིལ་ལེར་ཁྱབ་པར་གྱུར་ཡོད། དངུལ་ཆུ་ཁྲོ་རྫོང་གི་ཞོལ་དུ་གསེར་ཉའི་སོག་སྒྲོ་གཡས་པ་ལྟ་བུའི་ཉིན་མོའི་ཁོར་ཡུག་དེར་ལྷ་རྒན་གཙུག་ལག་ཁང་གཙོས་པའི་གྲྭ་གཤག་མང་ཤོས་ཆགས་ཤིང་། གསེར་ཉའི་སོག་སྒྲོ་གཡོན་པ་ལྟ་བུའི་ཆུ་འགྲམ་སྲིབ་ཀྱི་ཕྱོགས་དེར་ལྷ་གསར་གཙུག་ལག་ཁང་དང་། ཀུན་དགའ་ར་བ། གྲྭ་གཤག་དུ་མ་སོགས་མཆིས་ཤིང་། དགོན་པའི་མཐའ་སྐོར་དུ་མཆོད་རྟེན་མང་པོ་བསྟར་ལ་བསྒྲིགས་པ་བཞེངས་ཡོད།
རྒྱ་ཚ་ཞལ་དཀར་གྱི་འདྲ་སྐུ།
དངུལ་ཆུ་ཁྲོ་རྫོང་གོང་འོག་གཉིས་ཀྱི་གྱང་རྐང་དུ་ཁྲོ་ཆུ་ཞུན་མ་བླུགས་པའི་རྗེས་ཤུལ་ཡོད་ཅིང་།མདུན་རི་རྒོད་འབྲང་རྩེ་ལ་རྒྱ་ཚས་མདའ་རྟགས་བཞག་པ་དང་། དེའི་མདུན་དུ་རྒྱ་ཚ་སྐུ་མཆེད་གཉིས་ཀྱིས་རྟ་ཆུ་བླུད་སའི་ཆུ་མིག །སྦྲ་འགུ་ངོས་སུ་རྒྱ་ཚའི་ཞབས་རྗེས་དང་ཆིབས་རྗེས། ཡོད་པ་དེ་དག་ནི་གླིང་གེ་སར་རྒྱལ་པོ་དང་། ཕུ་བོ་རྒྱ་ཚ་ཞལ་དཀར། ལྷ་སྲས་དགྲ་ལྷ་རྩེ་རྒྱལ་སོགས་ནས་བཞག་པའི་དངོས་དཔང་བདེན་རྟགས་འཁྲུལ་མེད་ཡིན་པའི་ལོ་རྒྱུས་ཀྱང་མང་པོ་ཡོད། གནའ་ཤུལ་ཡོད་ས་འདི་ཉིད་ས་ཕྱོགས་གཙང་ཞིང་། ལྕང་མ་སོགས་ལྗོན་ཤིང་གི་ར་བས་བསྐོར་བའི་དྲྭ་བར་ནས་ཕྱོགས་ཐམས་ཅད་རྩྭ་ལྗང་གི་མྱུ་གུས་ཁེབས་པ་ཅི་ཞིག་ལྟར་གསལ་པོ་མཐོང་ཐུབ་ལ་གནས་འདིར་ལྕང་རའང་ཟེར། འདི་ནས་རྒྱང་ཐག་ཅུང་ཟད་རིང་བའི་ས་ན་སྙེ་མ་གཡུལ་དུ་ཟ་བའི་ཞིང་ཁ་དང་བབ་ཆགས་པའི་ཨ་ཕྱི་ཆོས་ཀྱི་སྒྲོན་མའི་བླ་མཚོ་ཡིད་དུ་འོང་བ་དེ་ལ་ལྟ་ཙམ་བྱས་རྗེས་ཉིན་དེའི་གནས་སྐོར་ལས་རིམ་དེ་མཇུག་རྫོགས་པའི་དབང་དུ་བྱས་ནས་ཕྱི་ལམ་བསྙེགས་ཏེ་སྡེ་དགེ་དགོན་ཆེན་དུ་བསྐྱོད།
ལྷ་རྒན་དང་ཨ་ཕྱི་ཆོས་ཀྱི་སྒྲོལ་མའི་མགོན་ཁང་བླ་མཚོ།
གླིང་གེ་སར་རྒྱལ་པོའི་ཕུ་བོ་དཔའ་ཡ་མེད་རྒྱ་ཚ་ཞལ་དཀར་ནི། གླིང་སྨུག་པོ་ལྡོང་གི་རུས་རྒྱུད་དུ་ཡབ་སེང་བློན་དང་། ཡུམ་རྒྱ་བཟའ་ལྷ་སྐྱིད་སྒྲོལ་མ་གཉིས་ཀྱི་སྲས་སུ་རབ་བྱུང་དང་པོའི་སྔོན་ཙམ་ལ་སྐུ་བལྟམས། དེ་དུས་གླིང་རུའི་སྤྱི་དཔོན་རོང་ཚ་ཁྲ་རྒན་གྱིས་གླིང་ཚོ་ཆེན་གསུམ་གྱི་སྤྱི་ཁྱབ་གོ་གནས་འཛིན་ཡོད་ཀྱང་། སྟག་རོང་དཔོན་པོ་ཁྲོ་ཐུང་གིས་ཀྱང་གླིང་གི་དབང་ཆ་ཁག་གཅིག་བཟུང་ཡོད། ཁྲོ་ཐུང་གིས་རྟ་རྒྱུག་ལ་བརྟེན་ནས་གླིང་གི་རྒྱལ་ས་བཟུང་སྙམ། དེ་དུས་ཕུ་བོ་རྒྱ་ཚ་ཞལ་དཀར་གྱིས་ཞི་དྲག་གི་ཐབས་ཤེས་གང་འཚམས་སྤྱད་དེ་ཇོ་རུ་རྟ་རྒྱུག་གི་འགྲན་རྩོད་ལ་ཞུགས་ཐུབ་པའི་རོགས་རམ་བྱས་པར་བརྟེན། ཇོ་རུས་རྟ་རྒྱུག་གི་རྒྱལ་ཁ་ཐོབ་སྟེ་ཁྲ་མོ་གླིང་གི་གསེར་ཁྲིར་མངའ་གསོལ། རྒྱ་ཚ་ཞལ་དཀར་ནི་གླིང་དཔའ་ཐུལ་སུམ་ཅུའི་ཡང་རྩེ་རུ་གྱུར་པར་མ་ཟད། གེ་སར་བྱང་དུ་བདུད་ཀླུ་བཙན་རྒྱལ་པོ་འདུལ་བར་ཕེབས་སྐབས། ཕུ་བོ་རྒྱ་ཚ་ཞལ་དཀར་གླིང་གི་རྒྱལ་ཚབ་ཏུ་བསྐོས། རྒྱ་ཚའི་མ་ནི་རྒྱ་རིགས་ཡིན་པས་ཁོའི་མིང་ལའང་རྒྱ་ཚ་ཞལ་དཀར་ཞེས་ཐོགས་པར་གྲགས། ཧོར་གླིང་གཡུལ་འགྱེད་ཀྱི་དུས་སུ་ཁོང་སྐུ་གཤེགས་པ་ཡིན། །