ཁམ་བྷོ་དི་ཡ། ཁ་མེར་མི་རིགས་ཀྱི་ཕ་ས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-04


ཁམ་བྷོ་དི་ཡའི་མིང་གཞན་ལ་ཁ་མེར་ཞེས་བྱ་ཞིང་། ནུབ་བྱང་གི་མཚམས་ཐེ་ལན་དི་དང་ཉེ་བར་བཅར་ཞིང་། བྱང་ཤར་གྱི་མཚམས་ལ་ཝོ་སི་དང་འདབས་འབྲེལ་དུ་གནས། ཤར་ལྷོའི་མཚམས་ཝེད་ནམ་དང་མཚེས་མར་བཅར་ཡོད། ཁམ་བྷོ་དི་ཡའི་ས་ཁམས་གཞོང་དབྱིབས་སུ་མངོན་ཞིང་། ཕྱོགས་གསུམ་རི་བོས་མུ་ཁྱུད་དུ་བསྐོར་ཞིང་དཀྱིལ་དབུས་ནི་ཁོད་ཡངས་པའི་ཐང་ཆེན་ཡིན། རྒྱལ་ཁོངས་སུ་མའེ་ཀོང་གཙང་པོ་དང་ཨེ་ཤ་ཡའི་ཤར་ལྷོའི་ས་ཁུལ་དུ་ཆེས་ཆེ་བའི་ཚྭ་མེད་མཚེའུ་ཕོམ་ཕེན་མཚེའུ་ཡོད། དུས་རབས་19པའི་སྨད་ནས་བཟུང་ཁམ་བྷོ་དི་ཡ་རུ་གནའ་རྫས་མང་པོ་རྙེད་པ་དང་། གནའ་རྫས་དེ་དག་ལས་ཤེས་རྟོགས་བྱུང་བ་ལྟར་ན། སྤྱི་ལོ་སྔོན་གྱི་ལོ་4000ནས་བཟུང་ས་ཁུལ་འདིར་མིའི་རིགས་འཚོ་སྡོད་བྱས་ཡོད་པ་རེད།

ལོ་རྒྱུས་སྟེང་ཁམ་བྷོ་དི་ཡ་རྒྱལ་རབས་མང་པོ་བརྒྱུད་མྱོང་ནའང་། དུས་རབས་9པ་ནས་14པའི་བར་གྱི་ཝོ་གྷོར་རྒྱལ་རབས་ནི་རྫོགས་ལྡན་གྱི་དུས་སྐབས་ཤིག་ལ་ངོས་འཛིན་ཞིང་། རྒྱལ་རབས་དེར་རྒྱལ་སྟོབས་རྒྱས་ཤིང་རིག་གནས་འཕེལ་བར་མ་ཟད། འཛམ་གླིང་ན་གྲགས་པ་འབར་བའི་ཝོ་གྷོར་ཤེས་རིག་གསར་དུ་གཏོད་པ་རེད། སྐབས་དེར་རྒྱ་གར་གྱི་སྒྱུ་རྩལ་ཉིང་བཅུད་ནང་འདྲེན་བྱས་མུར། ཁྱད་ཆོས་ལྡན་པའི་བཟོ་བཀོད་དང་འབུར་བརྐོས་སྒྱུ་རྩལ་དར་ཞིང་།དེ་ལ་ཀུན་གྱིས་ཝོ་གྷོར་ཤེས་རིག་ཅེས་བྱ། ཝོ་གྷོར་རྒྱལ་རབས་ཀྱི་ཤུལ་བཞག་གཙོ་བོ་ནི་ཝོ་གྷོར་གྲོང་ཆེན་དང་ཝོ་གྷོར་དགོན་པ་གཉིས་ཡིན་ཞིང་། དུས་རབས་15པར་ཝོ་གྷོར་རྒྱལ་རབས་ཉམས་རྗེས། ཝོ་གྷོར་གནའ་ཤུལ་ཡང་ལོ་རྒྱུས་ཀྱི་གསང་བར་ཐིམ་ཞིང་།སྤྱི་ལོ་1860ལོར་ཧྥ་རན་སིའི་རིག་དངོས་ཆེད་མཁས་པས་ཝོ་གྷོར་ཤེས་རིག་དང་འབྲེལ་བའི་གནའ་ཤུལ་རྙེད་རྗེས་གནའ་བོའི་ཤེས་རིག་དེའི་གསང་བ་བརྟོལ་བ་རེད། ཝོ་གྷོར་གནའ་ཤུལ་དུ་ཁྱོན་བསྡོམས་བཟོ་བཀོད་600ལྷག་མཆིས་ཤིང་། ཝོ་གྷོར་དགོན་པ་ནི་ཁམ་བྷོ་དི་ཡའི་ནུབ་བྱང་ས་ཁུལ་དུ་ཡོད་པ་དང་།གནའ་བོའི་དུས་Vrah Vishnulokབྱ་ཞིང་། ཁྱབ་འཇུག་གི་ལྷ་ཁང་ཞེས་པའི་དོན་དུ་འགྲེལ། དེ་ནི་ཝོ་གྷོར་གནའ་ཤུལ་ལས་ཉར་ཚགས་བྱས་པ་ཆེས་ཆ་ཚང་བའི་དགོན་པ་ཞིག་ཡིན། དེའི་བཟོ་བཀོད་རྔམ་བརྗིད་ལྡན་ཞིང་ལྡེབས་རིས་དག་ལ་གསོན་ཉམས་ལྡན་པས་སྙན་པའི་གྲགས་པ་འབར་ཞིང་། འཛམ་གླིང་སྟེང་ཆེས་ཆེ་བའི་ལྷ་ཁང་དུ་ངོས་འཛིན། ཝོ་གྷོར་དགོན་པའི་བཟོ་བཀོད་དེ་ཁམ་བྷོ་དི་ཡ་རྒྱལ་ཁབ་ཀྱི་མཚོན་རྟགས་སུ་གྱུར་ཡོད་པར་མ་ཟད། རྒྱལ་དར་གྱི་རི་མོ་ལའང་བདམས་ཡོད། གཞན་ཝོ་གྷོར་དགོན་པ་ནི་ཁ་མེར་གྱི་གནའ་བོའི་བཟོ་བཀོད་སྒྱུ་རྩལ་གྱི་ཡང་རྩེར་ངོས་འཛིན་ཞིང་། གནའ་བོའི་ཁ་མེར་གྱི་ལྷ་ཁང་བཞེངས་སྐྲུན་གྱི་བཟོ་རྩལ་གཉིས་ཏེ། བང་རིམ་ཅན་གྱི་དཀྱིལ་འཁོར་གྱི་རྣམ་པ་དང་སྙོམས་ངོས་ཅན་གྱི་བར་ཁྱམས་ཀྱི་རྣམ་པ་གཉིས་ཟུང་དུ་སྦྲེལ་ཡོད། ཝོ་གྷོར་དགོན་པར་བང་རིམ་གསུམ་ཡོད་པ་དང་དབྱིབས་གྲུ་བཞི་ནར་མོའི་བར་ཁྱམས་ཀྱིས་ཡོངས་སུ་བསྐོར་བའི་སྟེགས་བུས་གྲུབ་ཅིང་། དེས་རིའི་རྒྱལ་པོ་རི་རབ་ཀྱི་མཐའ་འཁོར་གྱི་བཀོད་པ་མཚོན། དགོན་པའི་ཡང་སྟེང་དུ་ཅུ་ལི་མེ་ཏོག་གི་རྣམ་པ་ལྟར་བསྟར་ཕྲེང་བསྒྲིགས་པའི་མཆོད་རྟེན་ལྔ་བཞེངས་ཡོད་པ་དང་། དེས་རིའི་རྒྱལ་པོ་རི་རབ་ཀྱི་རི་ལྔ་མཚོན། གནའ་བོའི་རྒྱ་གར་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་པར་བརྟེན། བཟོ་བཀོད་སྤྱིའི་བཀོད་པའང་གནའ་བོའི་རྒྱ་གར་གྱི་འཇིག་རྟེན་ཆགས་ལུགས་ཀྱི་ལྟ་དགོངས་དང་ལྷ་སྒྲུང་གི་བརྗོད་བྱ་དང་མཐུན་ནོ། །ཝོ་གྷོར་དགོན་པའི་འབུར་བརྐོས་སྒྱུ་རྩལ་ཁྱད་དུ་འཕགས་ཤིང་གསོན་ཉམས་ལྡན་པ་དང། བར་ཁྱམས་ཀྱི་ལྡེབས་རིས་དང་ཀ་ཆེན། རྡོ་གྱང་། རྨང་རྡོ། སྒེའུ་ཁུང་། རབ་གསལ་སོགས་ལ་རི་མོ་སྣ་ཚོགས་བརྐོས་ཡོད་པ་དང་། འབུར་བརྐོས་ཀྱི་ནང་དོན་གཙོ་བོ་ནི་གནའ་བོའི་རྒྱ་གར་གྱི་ལྷ་ཆེན་ཁྱབ་འཇུག་དང་འབྲེལ་ཞིང་། གཙོ་བོ་རྒྱ་གར་གྱི་ལོ་རྒྱུས་སྙན་རྩོམ་རིང་མོ《རྒྱལ་པོ་རཱ་མ་ཎའི་རྟོགས་བརྗོད》དང《མ་ཧཱ་བྷ་ར་ཏ》 ཝོ་གྷོར་རྒྱལ་རབས་ཀྱི་ལོ་རྒྱུས་སོགས་ཡིན། འབུར་བརྐོས་དག་གི་ཐིག་རིས་གསལ་ཞིང་མི་སྣ་མང་བ། ཉམས་འགྱུར་གསོན་ཉམས་ལྡན་པ། བང་རིམ་གྱི་བར་མཚམས་གསལ་བས་ཀུན་གྱིས་འཛམ་གླིང་སྒྱུ་རྩལ་ལོ་རྒྱུས་སྟེང་གི་མུ་ཏིག་རྡོག་ཅིག་ཏུ་བསྔགས། དགོན་པའི་དཀྱིལ་དབུས་ཀྱི་བརྒྱུད་ལམ་ཆེན་པོའི་འགྲམ་གཉིས་སུ་མགོ་དགུ་ཅན་གྱི་སྦྲུལ་དབྱིབས་སུ་མངོན་པའི་རབ་གསལ་ཡོད་པ་དང་།དེའང་ཁམ་བྷོ་དི་ཡའི་མགོ་དགུ་ཅན་གྱི་སྦྲུལ་གྱིས་ཆར་ཆུ་དུས་ལྟར་འབབ་པ་དང་། གདོན་འདྲེ་དང་ནད་ཡམས་སོགས་སེལ་བར་ནུས་པའི་ལྷ་སྒྲུང་དང་འབྲེལ་བ་ལྡན།

ཁ་མེར་མི་རིགས་ནི་ཁམ་བྷོ་དི་ཡའི་མི་གྲངས་ཆེས་མང་བའི་མི་རིགས་ཤིག་ཡིན་ཞིང་། ཡུལ་སྲོལ་ལྟར་ན། དབྱར་དགུན་སྟོན་དཔྱིད་ཁྱད་མེད་དུ་སྐེ་ལ་རས་ཁྲའི་སྐེ་དཀྲིས་ཀྱིས་བརྒྱན་པའི་སྲོལ་ཡོད་པ་དང་། དེ་ལ་ངོ་གདོང་ཕྱི་བ་དང་ཁུག་མའི་ཚུལ་དུ་དངོས་ཟོག་སྐྱེལ་ལེན་བྱེད་པ། ཚ་བས་གདུང་དུས་ཁྲ་རས་རློན་པས་དྲོད་ཕབ་པ། དུག་སྦྲང་སོགས་འགོག་པ་དང་ཉལ་ཐུལ་ལ་སྤྱོད་པ་སོགས་ཀྱི་སྤྱོད་སྒོ་མང་ངོ་། །ཁམ་བྷོ་དི་ཡ་མིའི་འདུ་ཤེས་སུ་ལག་པ་གཡོན་པ་ནི་མི་གཙང་བར་ངོས་འཛིན་པས། ལག་པ་གཡོན་པས་ཟ་མ་དང་ལེགས་སྐྱེས་སོགས་མི་གཞན་ལ་བྱིན་ན་གུས་ལུགས་མེད་པར་བརྩི། གཞན་མགོ་ནི་ལུས་ཀྱི་ཡན་ལག་དང་དབང་པོ་ཀུན་ལས་ཆེས་མཆོག་ཏུ་གྱུར་པ་ཞིག་ཏུ་བརྩི་བས། མི་གཞན་པའི་མགོ་ལ་གང་འདོད་དུ་རེག་པའི་སྲོལ་མེད་དོ། །

མའེ་ཀོང་གཙང་པོའི་སྤྱིའི་རིང་ཚད་ལ་སྨི་སྟོང་4909ཡོད་པ་དང་། ཨེ་ཤ་ཡའི་རྒྱལ་ཁོངས་བརྒལ་བའི་གཙང་པོ་ཆེན་པོ་ཞིག་ཡིན་ཞིང་། འཛམ་གླིང་གི་གཙང་པོ་ཨང་དགུ་པ་དང་ཨེ་ཤ་ཡའི་ཨང་ལྔ་པར་བརྩི། ཆུ་བོ་བྲུབ་དུས་ཞིང་སར་གཤིན་འཛོམས་ཤིང་། ཆར་ཆུ་ཉུང་དུས་འབྲུ་རིགས་ལ་ལོ་ལེགས་སྨིན་ཞིང་ཉ་རིགས་མང་པོ་བཟུང་ནས་འཚོ་བའི་ཡོང་འབབ་འཕར་བས་ན། མི་རྣམས་ཀྱིས་མའེ་ཀོང་གཙང་པོའི་བཀའ་དྲིན་ལ་རྗེས་དྲན་བྱ་ཆེད། ལོ་རེའི་ཟླ་བཅུ་པར་མའེ་ཀོང་གཙང་པོའི་འགྲམ་ངོགས་ནས་ཆོ་ག་སྤེལ་ནས་གཙང་པོ་འགྲིབ་པའི་བྱེད་སྒོ་སྤེལ་བའི་སྲོལ་ཡོད་པ་དང་། དུས་ཡུན་ཉིན་གསུམ་རིང་གི་བྱེད་སྒོ་དེར་ཆུ་སྐྱེལ་དུས་ཆེན་བྱ། མའེ་ཀོང་གཙང་པོ་ཁམ་བྷོ་དི་ཡའི་རྒྱལ་ཁོངས་ཡོངས་བརྒལ་ནས་བཞུར་བཞིན་ཡོད་པས། ཆུ་ལག་མང་ཞིང་རབ་ཁ་སོ་སོར་ས་གཤིན་ལེགས་པའི་ཐང་ཆེན་པོས་གྲུབ་པས་ཞིང་ལས་ཁུལ་གཙོ་བོ་ཞིག་ཀྱང་ཡིན། ཐུན་ལི་སཱ་མཚེའུ་ནི་ཨེ་ཤ་ཡའི་ཤར་ལྷོ་ཁུལ་གྱི་རྒྱ་ཁྱོན་ཆེས་ཆེ་བའི་ཚྭ་མེད་ཀྱི་ཉ་ར་ཆེན་པོ་ཞིག་ཡིན་ཞིང་། དེ་ལ་ཉའི་མཚེའུ་ཞེས་ཀྱང་འབོད། ཡུལ་གྲུ་དེའི་མང་ཚོགས་ཀྱི་འཚོ་རྟེན་གཙོ་བོའང་ཉ་ལས་ཡིན།

ཕོམ་ཕེན་རྒྱལ་པོའི་ཕོ་བྲང་ནི་ཕོམ་ཕེན་གྲོང་ཁྱེར་དུ་ཡོད་པ་དང་། རྔམ་བརྗིད་ལྡན་པའི་བཟོ་བཀོད་མང་པོས་གྲུབ་ཡོད། ཕོ་བྲང་གི་དཀྱིལ་དབུས་སུ་མར་གད་ཀྱིས་བརྐོས་པའི་རིང་ཚད་ལ་སྨི་གཅིག་ལྷག་ཡོད་པའི་ལྷ་སྐུ་ཞིག་བཞེངས་ཡོད་པ་དང་། ཕོམ་ཕེན་གྲོང་ཁྱེར་དུ་ཁྱོན་བསྡོམས་ཕོ་བྲང་ཆེ་ཆུང་མི་འདྲ་བ་ཉི་ཤུ་ལྷག་ཡོད། རི་མོས་བརྒྱན་པའི་ཀ་ཆེན་དང་མཐོ་ཞིང་བརྗིད་པའི་རྒྱ་ཕིབས། ཚོན་མདངས་རྣམ་པར་བཀྲ་བའི་ཚོན་རིས་སོགས་ཀྱིས་སྐྱེ་འགྲོ་ཀུན་གྱི་ཡིད་ཀྱི་དང་བ་འཕྲོག་ཅིང་།ཕོ་བྲང་གི་བཟོ་བཀོད་ནི་སྲོལ་རྒྱུན་བཟོ་སྐྲུན་དང་ཆོས་ལུགས་ཀྱི་ཁྱད་ཆོས་ལྡན་ཞིང་། ཕོ་བྲང་རེ་རེའི་རྒྱ་ཕིབས་ཀྱིས་འབྱོར་ཕྱུག་མཚོན་པ་དང་། ཕོ་བྲང་གི་ཁ་དོག་སེར་པོས་སངས་རྒྱས་ཆོས་ལུགས་མཚོན་པ་དང་། ཁ་དོག་དཀར་པོས་བྲམ་ཟེའི་ཆོས་ལུགས་མཚོན་ནོ། །མཆོད་རྟེན་རི་བོ་ནི་ཁམ་བྷོ་དི་ཡའི་མིང་དུ་གྲགས་པའི་གནས་གྲགས་ཅན་ཞིག་ཡིན་ཞིང་། ངག་རྒྱུན་ལྟར་ན། གནའ་བོའི་དུས་སུ་མིང་ལ་བྷོན་ཞེས་པའི་བུ་མོ་ཞིག་མའེ་ཀོང་གཙང་པོས་ཁུར་ནས་གནས་འདིར་ཐོན་དུས། ལྷ་སྐུ་ཞིག་རྙེད་ནས་རི་བོ་ཆུང་ཆུང་དེར་མཆོད་འབུལ་བྱས་ཤིང་། རྗེས་ནས་དགོན་པ་བཞེངས་ནས་དད་ལྡན་པ་ཇེ་མང་དུ་སོང་བ་དང་བསྟུན་ནས་གྲོང་ཁྱེར་ཆགས་པ་རེད། མཆོད་རྟེན་གྱི་ཏོག་ཏུ་བུ་མོ་བྷོན་གྱི་སྐུ་བརྙན་བཞེངས་ཡོད་པ་དང་།
ནམ་རྒྱུན་ཉེ་རིང་ཀུན་གྱི་དད་ལྡན་པ་མང་པོ་གནས་འདིར་ཡུལ་སྐོར་དང་མཆོད་འབུལ་ལ་ཡོང་ངོ་། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1