༄༅།།ཤེས་པར་གྱུར་བའི་ཤེས་སྒྲིབ་ཡོད་མེད་ལ་དཔྱད་པ།

ལི་ཐང་རབ་གསལ རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།དགེ་ལུགས་པའི་དྲ་བ། སྤེལ་དུས། 07-05


            ལས་ཉོན་སྤྲིན་རིམ་སྟུག་པོས་རབ་དཀྲིགས་པའི།།

 

             བདག་བློའི་ངམ་ནག་ཡིད་ཀྱི་ནམ་མཁའ་རུ།།

 

              ཡང་དག་སྣང་བའི་འོད་དཀར་སྤྲོ་མཛད་པ།།

 

              མཚུངས་མེད་བཤེས་གཉེན་རྣམ་གསུམ་གཙུག་ན་རྒྱལ།།

 

             བརྒྱད་ཁྲི་བཞི་སྟོང་དམ་ཆོས་འོ་མའི་མཚོ།།

 

              དྲི་མེད་ཤེས་རབ་གསེར་གྱི་ཐུར་མ་ཡིས།།

 

              ལེགས་པར་བསྲུབས་པའི་སྙིང་བོ་བདེན་གཉིས་གནད།།

 

              དཔྱོད་པའི་སྐལ་བཟང་ལས་ལ་དགའ་བས་འཇུག།

 

 དྲི་བ་བཅུ་གསུམ་པའི་ལན།     ས་བཅད་གསུམ་དུ་བསྡུས་ནས་བཤད་ན།        དང་བོ།  ལམ་རིམ་ཆུང་ངུའི་གཞུང་དོན་ནི།      ལམ་རིམ་ཆུང་ངུ་ལས། འཇུག་འགྲེལ་ལས།དངོས་པོ་ཐམས་ཅད་ཀྱི་རང་གི་ངོ་བོ་རྣམ་པ་གཉིས་ཉེ་བར་བསྟན་ཏེ།འདི་ལྟ་སྟེ་ཀུན་རྫོབ་དང་དོན་དམ་པའོ།། ཞེས་གསུངས་པས་ཆོས་ཅན་རེ་རེའི་ངོ་བོ་ལ་ཀུན་རྫོབ་དང་དོན་དམ་པའི་ངོ་བོ་གཉིས་གཉིས་ཡོད་པའི་ཕྱིར་དང་། བདེན་གཉིས་ངོ་བོ་གཅིག་མིན་ན་ངོ་བོ་ཐ་དད་དུ་ཤིན་ཏུ་ཡང་མི་རིགས་པས་དེ་གཉིས་ལ་ངོ་བོ་མེད་པས་མེད་པར་འགྱུར་ཏེ།  སྤྱིར་ཡོད་པ་ལ་ངོ་བོ་གཅིག་དང་དུ་མ་ཡིན་པ་གང་རུང་གིས་ཁྱབ་པའི་ཕྱིར་རོ། །བྱང་ཆུབ་སེམས་འགྲེལ་ལས་ཀྱང་།། ཀུན་རྫོབ་སྟོང་བ་ཉིད་དུ་བཤད།། སྟོང་ཉིད་ཁོ་ན་ཀུན་རྫོབ་ཡིན།། མེད་ན་མི་འབྱུང་ངེས་པའི་ཕྱིར།།བྱས་དང་མི་རྟག་དག་བཞིན་ནོ།།ཞེས་གསུངས་པའི་དོན་ནི།ཕྱི་ནང་གི་དངོས་པོ་སོགས་ཆོས་ཀུན་ལ་སྣང་ཚུལ་གྱི་ངོ་བོ་དང་གནས་ཚུལ་གྱི་ངོ་བོ་གཉིས་གཉིས་ཡོད་པའི་དོན་ཡིན་ཏེ།སྣང་ཚུལ་གྱི་ངོ་བོ་ལ་ཀུན་རྫོབ་བདེན་པ་དང་གནས་ཚུལ་མཐར་ཐུག་གི་ངོ་བོ་ལ་དོན་དམ་བདེན་པ་འཇོག་ཅེས་པའི་དོན་ཡིན།༽    བདེན་པ་དེ་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཡིན་པར་རིགས་པའི་སྒྲུབ་བྱེད་གཅིག་དང་ལུང་བྱང་ཆུབ་སེམས་འགྲེལ་གྱིས་བསྒྲུབས་པ་རེད།       

 

 གཉིས་པ།  ཤེས་པར་གྱུར་བའི་ཤེས་སྒྲིབ་ཡོད་མེད་ཀྱི་དོན་ནི། པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་སྟག་ཚང་ལོ་ཙའི་དགག་ལན་དུ། ཤེས་པ་གཅིག་གིས་བདེན་གཉིས་ཅིག་ཅར་དུ།།  མངོན་སུམ་གཟིགས་པའི་སྒྲིབ་བྱེད་ཕྲ་མོ་ལ།།  མ་རིག་ཅེས་པའི་གསུངས་འདི་ནི་སྟག་ཚང་ལོ་ཙཱ་བའི་གྲུབ་མཐའ་ཀུན་ཤེས་ལས།  ཉོན་མོངས་ཅན་མིན་མ་རིག་ཡོད་པ་དང་།།ཤེས་པར་གྱུར་བའི་ཤེས་སྒྲིབ་མེད་པར་འགལ།།ཞེས་པའི་དགག་ལན་གྱི་སྐབས་སུ་བྱུང་ལ།དགག་པ་དེ་ལ་ལན་འདེབས་ཚུལ་སྣ་ཚོགས་ཞིག་ཡོད་ཀྱང་། ཀུན་མཁྱེན་བླ་མ་འཇམ་དབྱངས་བཞད་པའི་གསུང་གཞིར་བཞག་ན། ཉོན་མོངས་ཅན་མ་ཡིན་པའི་མ་རིག་པ་དངོས་ཡོད་པ་ནི་རྗེ་བླ་མའི་དགོངས་པ་མཐར་ཐུག་ཡིན་པ།འཇུག་པ་རང་འགྲེལ་ལས།ཤེས་བྱའི་སྒྲིབ་པའི་མཚན་ཉིད་ཅན་མ་རིག་པ་ཙམ་ཀུན་ཏུ་སྤྱོད་པའི་ཕྱིར། ཞེས་དང་། དེའི་ཐད་ཀྱི་དགོངས་པ་རབ་གསལ་གྱི་འབྲི་སྣོན་ལས།དེ་ཡང་ཤེས་བྱའི་སྒྲིབ་པའི་མཚན་ཉིད་ཅན་གྱི་ཉོན་མོངས་ཅན་མ་ཡིན་པའི་མ་རིག་པ་ཙམ་ཀུན་ཏུ་སྤྱོད་པའི་ཕྱིར། ཞེས་དང་། དེ་ཉིད་ལས། སངས་མ་རྒྱས་པའི་འཕགས་པ་རྣམས་ཀྱིས་ནི་ཤེས་སྒྲིབ་ཀྱི་མ་རིག་པ་མ་སྤངས་པས།  ཞེས་དང་།     སྐྱབས་འགྲོ་བདུན་ཅུ་བ་ལས། མི་ཤེས་ཉོན་མོངས་མིན་སྤངས་ཕྱིར།།ཕྱིས་ནས་སངས་རྒྱས་ཀྱིས་བསྐུལ་པས།།ཞེས་དང་།ཡང་དེ་ཉིད་ལས། མ་རིག་ཉོན་མོངས་མིན་ཡོད་པས།རྣམ་པ་ཀུན་མཁྱེན་སྤངས་པ་ཉིད།། ཅེས་དང་།  ཞེས་སོགས་ཀྱིས་ཉོན་མོངས་ཅན་མ་ཡིན་པའི་མ་རིག་པ་ཡོད་པ་གསལ་བར་བསྟན་ཡོད་ལ་ལུང་ཁུངས་ཡང་དེ་དག་རེད། ཤེས་པར་གྱུར་བའི་ཤེས་སྒྲིབ་མེད་པ་འགལ།།ཞེས་པ་ནི། སྟག་ཚང་ལོ་ཙཱ་བས་རྗེ་བླ་མའི་དགོངས་པ་མ་ལོན་པས་གནོངས་པ་ཡིན་ཏེ། རྗེ་བླ་མའི་རང་ལུགས་ལ་ཤེས་པར་གྱུར་བའི་ཤེས་སྒྲིབ་ཡོད་པ།    ལམ་རིམ་ཆེན་མོ་ལས། འདི་པའི་ལུགས་ལ་ཤེས་སྒྲིབ་གང་ལ་བྱེད་སྙམ་ན། ཤེས་སྒྲིབ་ནི་ཐོག་མ་མེད་པ་ནས་རང་བཞིན་ཡོད་པར་ཞེན་པའི་དངོས་པོ་ལ་མངོན་པར་ཞེན་པའི་སྒོ་བྱེད་ཀྱིས་སེམས་རྒྱུད་ལ་བག་ཆགས་བརྟན་པར་བཞག་པའི་བག་ཆགས་ཀྱི་དབང་གིས་རང་བཞིན་མེད་བཞིན་དུ་རང་བཞིན་ཡོད་པར་སྣང་བའི་གཉིས་སྣང་གི་འཁྲུལ་པ་རྣམས་ཡིན་ཏེ།  ཞེས་དང་།     དུས་འཁོར་ཊཱིཀ་ཆེན་ཁ་སྐོང་ཞང་ཞུང་བས་མཛད་པར། གཉིས་སྣང་འཁྲུལ་བའི་ཆར་གྱུར་པའི་སེམས་འབྱུང་བ་ནི་ཤེས་སྒྲིབ་ཏུ་འཇོག་གོ  ཞེས་དང་།   སྟོང་ཐུན་ལས།ཤེས་སྒྲིབ་ལ་མངོན་གྱུར་དང་ས་བོན་གཉིས་བཞག་པ་དང་།མངོན་གྱུར་ལ་འཇུག་ཤེས་དྲུག་ལ་བདེན་སྣང་གི་ཆ་བཞག་པས་གསལ་བོར་འགྲུབ་པ་དང་།གོང་དུ་དྲངས་ཟིན་པའི་སྐྱབས་འགྲོ་བདུན་ཅུ་བ་སོགས་ཀྱིས་ཀྱང་འགྲུབ་ལ། ཐལ་འགྱུར་བའི་ལུགས་ལ་ཤེས་པར་གྱུར་བའི་ཤེས་སྒྲིབ་མེད་ན་འདི་ལ་ཁུངས་གསལ་བོ་ཞིག་ངེས་པར་དགོས་ཏེ། གྲུབ་མཐའ་འོག་མ་ཐམས་ཅད་ཀྱི་ལུགས་ལ།ཤེས་པར་གྱུར་བའི་ཤེས་སྒྲིབ་ཡོད་ལ།    ལུགས་འདི་ལ་ཤེས་པར་གྱུར་བའི་ཤེས་སྒྲིབ་མེད་པའི་རྒྱུ་མཚན་གཞན་མེད་པའི་ཕྱིར།བདག་གིས་རྗེ་ཡབ་སྲས་ཀྱི་གསུང་ལས་དེའི་ཁུངས་མ་མཇལ་བས།དེ་ལྟ་བུའི་ཁུངས་ཡོད་ན་གསུང་བར་ཞུ།     འགའ་ཞིག་གིས་སྒྲོན་གསལ་གྱི་མཆན་བུ་ལས།      སློབ་དཔོན་འདིའི་ལུགས་ཀྱིས་བདེན་འཛིན་ཉོན་མོངས་ཅན་གྱི་མ་རིག་པར་བཞེད་ལ།       ཉོན་མོངས་ཀྱི་བག་ཆགས་ཤེས་སྒྲིབ་ཏུ་བཞེད་པ་ལྟར་བྱ་ཡི།  བདེན་འཛིན་ཤེས་སྒྲིབ་ལ་འཆད་པ་དགོངས་པ་མིན་ཏེ།    གཞན་ཏུ་རྒྱས་པར་བཤད་ཟིན་ཏོ།།   ཞེས་པ་འདི་ཤེས་པར་གྱུར་བའི་ཤེས་སྒྲུབ་མེད་པའི་ཁུངས་གསལ་ཤོས་ཡིན་ཟེར།  མཆན་བུ་འདི་ཡི་དོན་བཤད་ན།  སྤྱིར་མཆན་ནི་ཚིག་འགྲེལ་མ་ཡིན་པས་གཞུང་དེའི་ཆ་འགའ་ཞིག་ལ་གསལ་བཤད་བྱས་པ་ཙམ་ལ་གོ་དགོས།འདིས་ཀྱང་དཔལ་ལྡན་ཟླ་བའི་ལུགས་ལ་ཤེས་བྱའི་སྒྲིབ་པ་ལ་བདེན་འཛིན་མི་འཇོག་པའི་གསལ་བཤད་བྱས་པ་ཙམ་ཡིན་པ་ནི།བདེན་འཛིན་ཤེས་སྒྲིབ་ལ་འཆད་པ་དགོངས་པ་མིན་ཏེ།    གཞན་དུ་རྒྱས་པར་བཤད་ཟིན།  ཞེས་པས་ལེགས་པར་འགྲུབ་བོ།།

 

 གསུམ་པ། བདེན་གཉིས་ངོ་བོ་ཐ་དད་དུ་འཛིན་པའི་ཤེས་པ་ཀུན་བཏགས་ཡིན་མིན་ནི།    ཐལ་འགྱུར་བ་དང་རང་རྒྱུད་པའི་ལུགས་ལ་མི་འདྲ་བའི་ཁྱད་པར་ཡོད་པ་འདྲ་སྟེ།རང་རྒྱུད་པའི་ལུགས་ལ་བདེན་གཉིས་ངོ་བོ་ཐ་དད་དུ་འཛིན་པའི་འཛིན་པ་ལ་ཀུན་བཏགས་དང་ལྷན་སྐྱེས་གཉིས་ཡོད་པ་ཡིག་ཆ་གསུམ་ཀའི་ཚིག་ཟིན་གཅིག་མཐུན་རེད།    ཐལ་འགྱུར་བའི་ལུགས་ལ་བདག་ཕུང་ངོ་བོ་ཐ་དད་དུ་འཛིན་པའི་འཛིན་པ་ཀུན་བཏགས་ཡིན་དགོས་པ་དང་།གཞན་ལས་སྐྱེས་པར་འཛིན་པའི་བློ་ལ་ཀུན་བཏགས་ཡིན་དགོས་པ་སོགས་ཀྱིས་བདེན་པ་གཉིས་ངོ་བོ་ཐ་དད་པ་འཛིན་སྟངས་ཀྱི་ཡུལ་དུ་བྱེད་པའི་བློ་ལ་ཀུན་བཏགས་ཡིན་དགོས་པ་འདྲ་བས་ཤེས་སྒྲིབ་མིན་ནམ་སྙམ།    འོན་ཀྱང་བློ་གཅིག་གིས་དུས་གཅིག་དུ་བདེན་པ་གཉིས་མངོན་སུམ་དུ་རྟོགས་པ་ལ་རྨོངས་པའི་མ་རིག་པ་ཡོད་པས།  དེ་ཉིད་ཤེས་སྒྲིབ་ཡིན་པ་དང་།དེ་ལ་བདེན་གཉིས་ངོ་བོ་ཐ་དད་དུ་འཛིན་པའི་དྲི་མ་ཞེས་ཐ་སྙད་འདོགས་པའི་གཞུང་འགའ་ཞིག་ནི་ཡོད་དོ།།

 

     རྨད་བྱུང་ཆོས་ཚུལ་གངྒཱའི་ཆབ་རྒྱུན་ལས།།

 

     རྣམ་དག་དད་གསུམ་ཀུ་ཤའི་རྩེ་མོ་ཡིས།།

 

     ཅུང་ཟད་བླངས་པའི་ཟེགས་མ་རེ་རེས་ཀྱང་།།

 

      འགྲོ་ཁམས་ཡིད་ཀྱི་གདུང་བ་སེལ་གྱུར་ཅིག།             

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1