རི་ཟོམ་གྱི་སོ་བ། མི་དམངས་ཀྱི་སྲུང་མ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་སྒྲ། སྤེལ་དུས། 07-05


 

       རྔ་བ་ཁུལ་དུ་འདི་ལྟ་བུའི་ཆེས་གཅེས་སུ་འོས་པའི་མི་སྐོར་ཞིག་ཡོད་དེ། ཁོ་ཚོས་རྣམ་ཀུན་གཞན་ཕན་བླ་མེད་ཀྱི་ལྷག་བསམ་ཞེ་རུ་བརྣག་ནས་དབྱར་གྱི་ཆར་ཆུ་དང་། དགུན་གྱི་གྲང་རླུང་། མཚན་གྱི་མུན་པ་དང་ཉིན་གྱི་ཚ་གདུང་སོགས་གང་ལ་མི་འཛེམ་པར་གཞན་ཕན་གྱི་སྦྱོར་བས་འགྲོ་བ་ཀུན་ལ་ཕན་བདེ་འབའ་ཞིག་བསྐྲུན་པར་འབད། དེ་ལྟར་རྣམ་དག་གཏན་གྱི་འདུན་མ་དཀར་པོ་རང་ཆས་སུ་མངའ་བས། གང་དུ་དཀའ་ཁག་དང་སྐྱོ་ངལ་ཡོད་ན། དེ་རུ་ཁོང་ཚོའི་བྱམས་བརྩེའི་ཕྱག་ཟུང་དང་སྙིང་རྗེའི་སྦྲང་ཆར་འཇོ་ངེས་ཤིང་། སྙིང་རྗེས་དབེན་པའི་རང་བྱུང་ཁམས་ཆེན་མོའི་གནོད་འཚེའི་མདུན་དུ་ཡང་། ཁོང་ཚོ་ལ་ཉམ་ང་དང་བག་ཚ་མེད་པར། སྙིང་སྟོབས་ཀྱི་གོ་ཆ་བརྟན་པོ་ལུས་ལ་བགོས་ཏེ། དཀའ་སྡུག་དང་དཀའ་ངལ་ཀུན་གྱི་གདོང་དུ་ལངས། དེ་རིང་འདིར་སྐབས་སུ་བབས་པའི་ཡ་རབས་དྲ་མའི་མཛད་སྤྱོད་སྤྱན་ལྟོས་སུ་ཁྱེར་བའི་དཔུང་ཁག་དེ་ནི་མི་དམངས་མང་ཚོགས་ཀྱི་ལུས་ལོངས་སྤྱོད་ཀུན་གྱི་སྲུང་མ་ལྟ་བུར་གྱུར་པའི་ས་དགྲའི་རྟོག་དཔྱོད་པ་དག་རེད།

 

       འབར་ཁམས་གྲོང་ཁྱེར་ཚོ་བདུན་ཡུལ་ཚོའི་ཁོ་ལ་ཀྱི་སྡེ་བའི་རུ་ཁག་དང་པོའི་རུ་དཔོན། ས་དགྲའི་རྟོག་དཔྱོད་པ་དགྲ་ལྷ་འབུམ་ནི་དེ་ལྟ་བུའི་མི་དམངས་མང་ཚོགས་ཀྱི་ལུས་ལོངས་སྤྱོད་ཀུན་གྱི་ཁ་འཛིན་ལྟ་བུར་གྱུར་པའི་སོ་བ་བཟང་པོ་ཞིག་རེད།

       འབར་ཁམས་ས་ཁུལ་དུ་ས་འགུལ་ཚད་རིམ་6.0གི་གནོད་འཚེ་བྱུང་རྗེས། དགྲ་ལྷ་འབུམ་གྱིས་ཉེན་ཟོན་ཚད་མཐོན་པོས་རང་ལུས་ཀྱི་བདེ་འཇགས་ཐེད་ལ་བོར་ནས་མངོན་མེད་རྐྱེན་ངན་ལ་སྐོར་ཞིབ་དང་བརྟག་དཔྱད་བཏང་མཐར། ཆུ་ཕྲན་གྱི་བཞུར་རྒྱུན་ཆད་པ་མཐོང་ཞིང་། སྦྱངས་ཟིན་པའི་ཤེས་བྱ་དང་འཚོ་བའི་ཉམས་མྱོང་ཟུང་དུ་སྦྲེལ་ནས་དབྱེ་ཞིབ་བགྱིས་མཐར། རི་ཉིལ་བ་དང་ཤྭ་འོད་བརྡོལ་བའི་ཉེན་ཁ་ཆེ་བར་མཐོང་ནས། བྱེད་ཐབས་གང་ལེགས་སྤྱད་དེ་ས་གནས་ཀྱི་མང་ཚོགས་རྣམས་དེ་མ་ཐག་པར་མཚན་ལམ་བརྒྱུད་ནས་རུ་སྤོ་སྐྱས་འགེལ་བྱེད་དུ་བཅུག


 ཟླ་6ཚེས་9ཉིན་གྱི་ཆུ་ཚོད་20དང་སྐར་མ་51པར།

 


       ཚོ་བདུན་ཡུལ་ཚོའི་ཁོ་ལ་ཀྱི་སྡེ་བར་ས་འགུལ་རིམ་པ་2.9ཅན་བྱུང་རྗེས། དགྲ་ལྷ་འབུམ་གྱིས་ས་རྒྱུའི་གནོད་འཚེའི་རྟོག་དཔྱོད་ཟབ་སྦྱོང་གི་ཁྲོད་ནས་བསླབས་པའི་ཤེས་བྱ་དང་འཚོ་བའི་ཉམས་མྱོང་ཟུང་དུ་སྦྲེལ་ནས་སྡེ་འདབས་ཀྱི་ཆུ་ཕྲན་གྱི་བཞུར་རྒྱུན་ལ་བརྟག་དཔྱད་བྱེད་པར་སྐྱོད་ཚེ། སྔོན་ཆད་རྒྱུན་འབབ་ཡིན་པའི་ཆུ་ཕྲན་དེའི་བཞུར་རྒྱུན་མཚམས་ཆད་འདུག་པས། ཁོས་ལམ་སེང་སྔོན་ཆད་ཟབ་སྦྱོང་སྐབས་སུ་ཆེད་མཁས་པས། ས་འགུལ་རྗེས་སུ་ཆུ་རྒྱུན་གྱི་བཞུར་མཚམས་ཆད་ཚེ། རི་ཉིལ་དང་རྡོ་རུད་ཀྱི་གནོད་འཚེ་འབྱུང་བའི་ཉེན་ཁ་ཤིན་ཏུ་ཆེ་ཞེས་པའི་སྐད་ཆ་དེ་དྲན་བྱུང་།


 

       ཁོས་འགྲིག་མི་འདུག ཚང་མ་གནས་འདི་ནས་སྐྱས་སྤོས་བྱེད་དགོས་ཞེས་རྒྱུག་མ་འདུར་གྱིས་སྡེ་བའི་ནང་དུ་སོང་སྟེ། ཆུང་མ་དང་མཉམ་དུ་གཡས་གཡོན་གྱི་ཁྱིམ་མཚེས་རྣམས་ལ་གནས་སྤོས་བྱེད་པའི་འབོད་སྐུལ་བྱས་ནས། སྡེ་མི་ཚང་མ་ཁྲིད་དེ་ལྟོས་བཅས་ཀྱི་བདེ་འཇགས་ཡིན་པའི་གནས་ཤིག་ཏུ་སྤར། 

 


       སྡེ་བའི་ནང་གི་བགྲས་པོ་དགེ་འདུན་ལ། རྐང་བའི་ནད་ཡོད་པས། གནས་སྤོས་བྱེད་པར་དཀའ་ངལ་ཆེ་ཞིང་། རང་ལ་ཡང་དེའི་འདུན་པ་ཆེན་པོ་མེད་པས་འགྲོ་མ་འདོད་པར། དགྲ་ལྷ་འབུམ་གྱིས་གོ་བསྐོན་བློ་འགུག་མང་དུ་བྱས་མཐར་ཁོ་རང་འཐད་པ་བྱུང་། ཡིན་ཡང་ཁོའི་གོམ་འགྲོས་ཧ་ཅང་དལ་བས། དགྲ་ལྷ་འབུམ་གྱིས་རང་གི་བྱིས་པར་བདག་སྐྱོང་བྱེད་པའི་ལས་འགན་མཐའ་དག་ཆུང་མར་སྤྲད་དེ། རང་གིས་བགྲེས་པོ་དགེ་འདུན་སྐྱོར་མ་ཁུར་གྱིས་བདེ་འཇགས་ཀྱི་གནས་སུ་བསྐྱལ། 

 


       ཁོང་ཚོ་གནས་སྤོས་བྱེད་པའི་ལམ་བར་ནས། ཁོ་ལ་ཀྱི་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་མགོན་པོ་སྐྱབས་དང་ཕྲད་ཅིང་། ཁོས་དགྲ་ལྷ་འབུམ་ལ། ང་རང་རུ་སྐོར་གཞན་པའི་གནས་ཚུལ་རྒྱུས་ལོན་བྱེད་པར་འགྲོ་དགོས་པས། རུ་སྐོར་དང་པོའི་བདེ་འཇགས་ཀྱི་ལས་འགན་དེ་ཁྱོད་ལ་སྤྲོད་དགོས་ཟེར། འགྲ་ལྷ་འབུམ་ནི་རུ་སྐོར་དང་པོའི་རུ་དཔོན་དང་། རྣམ་ཀུན་གྱི་ལས་ཀའི་ཁྲོད་དུ་འགན་འཁྲི་ནན་གྱིས་སྒྲུབ་མཁན་ཞིག་ཡིན་པས། མགོན་པོ་སྐྱབས་ཀྱིས་འགན་འཁྲི་དེ་ཁོ་ལ་སྤྲད་པ་ནི་ཡིད་ཆེས་ཀྱི་དཔངས་རྟགས་ཤིག་དང་ཆེས་ལེགས་པའི་གདམ་ཀ་ཞིག་ཀྱང་ཡིན་པ་རེད། 

 

       ཅུང་ཁོད་ཡངས་ཤིང་བདེ་འཇགས་ཡིན་པའི་གནས་དེར་སླེབས་རྗེས། དགྲ་ལྷ་འབུམ་དང་ཁོང་གི་ཆུང་མ་གཉིས་ཀྱིས་མལ་ཆས་དང་འགྱིག་གི་ཆར་ལྭ་བཅས་ཁྱེར་ནས། ཁྱིམ་མཚེས་རྣམས་དང་མཉམ་དུ་འཕྲལ་སེལ་རས་གུར་ཕུབ་ཏེ། ཀུན་ལ་ཆར་གཡོལ་དང་ངལ་གསོའི་ས་ཚིགས་ཀྱི་མཐུན་རྐྱེན་བསྐྲུན། བདེ་འཇགས་ཀྱི་གནས་ནས་ཅུང་ཙམ་བསྡད་རྗེས། སྡེ་དམངས་འགའ་རེས་ད་ནི་ས་འགུལ་རྒྱུག་མཚམས་བཞག་འདུག་པས། ཕྱིར་ཁྱིམ་ལ་སོང་ནས་ངལ་གསོས་ན་ལེགས་ཚུལ་སོགས་བཤད་པས། འགྲ་ལྷ་འབུམ་གྱིས་བློ་ཐག་རྦད་ཆོད་ཀྱིས། སུ་ཡང་ཕྱིར་ཁྱིམ་དུ་ལོག་ན་མི་ཆོག ང་ཚོའི་སྡོད་ཁང་རྣམས་ལ་གས་ཁ་ཤོར་འདུག་ཅིང་། སྔོན་ཆད་ཆེད་མཁས་པས། ས་འགུལ་རྗེས་སུ་ཆུ་ཕྲན་གྱི་བཞུར་རྒྱུན་ཆད་ཚེ། སྟོད་རྒྱུད་ན་ཁེགས་འདུག་པ་ཡིན་པས་རི་ཉིལ་དང་རྡོ་རུད་ཀྱི་ཉེན་ཁ་ཤིན་ཏུ་ཆེ་བས། སྐབས་དེར་འབྲོ་ས་ཡང་མི་རྙེད་ཅེས་ཡང་དང་བསྐྱར་དུ་ནན་བཤད་བྱས་པས། ཁྱིམ་མཚེས་ཀུན་ཁ་འཆམས་ཏེ་ཕྱིར་མི་འགྲོ་བར་ཐག་བཅད།


 

 ཟླ་6ཚེས་10ཉིན་གྱི་ནམ་གུང་གི་ཆུ་ཚོད་3དང་སྐར་མ་1སྐར་ཆ་28པར།

 


       ཁོ་ལ་ཀྱི་སྡེ་བར་ས་འགུལ་རིམ་པ་5.8དང་6.0གི་གནོད་འཚེ་བསྟུད་མར་བྱུང་བས། ས་སྒང་གཡོ་འགུལ་གྱི་ངར་ཁ་ལས་རི་ཉིལ་བྱུང་སྟེ། དགྲ་ལྷ་འབུམ་ཚང་དང་ཁྱིམ་མཚེས་གཉིས་ཀྱི་ཁང་བ་བརྡིབས་ཤིང་། རི་ཉིལ་གྱིས་ཡོངས་སུ་ཁྱུར་མིད་བཏང་བས། ཁོང་ཚོས་རང་གི་ཁང་ཁྱིམ་བརྡིབས་ནས་ཕུགས་ནོར་ཡོད་རྒུ་ས་འོག་ཏུ་མནན་པར་སེམས་ཁྲལ་དང་སྐྱོ་བ་དྲག་པོ་སྐྱེས་པའི་དུས་མཚུངས་སུ། དགྲ་ལྷ་འབུམ་གྱི་འབད་འབུངས་དང་ནན་ཏན་གྱི་ལས་ཀས་སྡེ་དམངས་ཡོངས་ཀྱི་ཚེ་སྲོག་བསྐྱབ་པར་དགའ་བ་ཡང་ཚད་མེད་སྐྱེས།  དགྲ་ལྷ་འབུམ་གྱི་འབོད་སྐུལ་གྱིས་ང་ཚོ་རང་ཁྱིམ་ལས་གནས་འདིར་འོངས་ཤིང་། ཁོང་གིས་ཡང་དང་བསྐྱར་དུ་ནན་བཤད་བྱས་མཐར་ཕྱིར་མ་ལོག་པར་འདི་ནས་མཚན་བསྐྱལ་བའི་དྲིན་ལས་ང་ཚོའི་ཚེ་སྲོག་ལ་འགན་ལེན་ཡག་པོ་བྱུང་སོང་ཞེས་སྡེ་དམངས་མགོན་པོས་བཤད། 


 

       ཟླ་6ཚེས་23ཉིན། རྔ་བ་ཁུལ་ས་རྒྱུའི་གནོད་འཚེའི་བཀོད་འདོམས་པུའུ་ཡིས་དགྲ་ལྷ་འབུམ་ལ་དངུལ་སྨར་སྒོར་8000ཀྱི་གཟེངས་རྟགས་གནང་། ཁུལ་རང་བྱུང་ཐོན་ཁུངས་ཅུས་ས་རྒྱུའི་གནོད་འཚེ་བཅོས་སྐྱོང་སྡེ་ཁག་གི་འགན་ཁུར་མི་སྣ་ལི་ཏའོ་ལིང་གིས་བཤད་རྒྱུར། ཏང་ཨུ་དང་སྲིད་གཞུང་གི་ཚད་མཐོན་པོའི་གཟིགས་སྐྱོང་དང་། རྒྱུན་མཐུད་ངང་ས་རྒྱུའི་གནོད་འཚེའི་ཕྱོགས་བསྡུས་བཅོས་སྐྱོང་གི་མ་ལག་འཛུགས་སྐྲུན་བྱས་པའི་དགེ་མཚན་དང་། གཞི་རིམ་སྲིད་འཛིན་སྡེ་ཁག་དང་མང་ཚོགས་ཀྱིས་བཅོས་སྐྱོང་ལམ་ལུགས་ལག་བསྟར་དོན་འཁྱོལ་དང་། དགྲ་ལྷ་འབུམ་གྱིས་མཚོན་པའི་གཞི་རིམ་ལས་བྱེད་པའི་གནད་འགག་གི་སྐབས་སུ་སྙིང་སྟོབས་དང་བློ་གྲོས་ལ་བརྟེན་ནས། ཐེངས་འདིའི་ས་འགུལ་ཁྲོད་དུ་མི་དམངས་ཀྱི་ཚེ་སྲོག་ལ་གནོད་འཚེ་མ་བྱུང་བའི་གནས་ཚུལ་ཉམས་དགའ་བ་འདི་བྱུང་བ་རེད་ཟེར། 


 

       ད་སྐབས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་ལས། ཁོ་ལ་ཀྱི་གནོད་ཐེབས་མང་ཚོགས་རྣམས་གཅིག་སྡུད་བཀོད་སྒྲིག་ས་གནས་སུ་བཀོད་སྒྲིག་ལེགས་པོས་གནས་བཅས་ཤིང་། སྡེ་དམངས་འགའ་རེས་རང་འགུལ་ངང་ས་འགུལ་ཁྲོད་གནོད་སྐྱོན་ཐེབས་པའི་ཞིང་ཁ་དང་གྱང་ར་སོགས་ལ་ཞིག་གསོ་བྱེད་མགོ་བརྩམས། ས་འགུལ་མ་བྱུང་བའི་ཡར་སྔོན་དུ། དགྲ་ལྷ་འབུམ་ཚང་གི་ནོར་ཁྱུ་རི་མགོའི་རྩྭ་ས་རུ་བཏང་འདུག་ལ། དེ་ནི་ཁོང་ཚང་གི་དཔལ་འབྱོར་གྱི་ཡོང་ཁུངས་གཙོ་བོ་རེད། ཡིན་ཡང་ཉིན་བཅུ་ལྷག་གི་རིང་ལ་དགྲ་ལྷ་འབུམ་ནི་རང་ཁྱིམ་གྱི་ནོར་ཁྱུ་བཙལ་བ་དང་དེ་ལ་འཚོ་སྐྱོང་བྱེད་པའི་ཁོམ་པ་མེད་པར། སྡེ་དམངས་རྣམས་ལ་རོགས་སྐྱོར་དངོས་རྫས་བགོ་འགྲེམ་དང་། ས་རྒྱུའི་གནོད་འཚེར་རྟོག་དཔྱོད། སྡེ་དམངས་ཀྱི་གནོད་ཐེབས་གནས་ཚུལ་རྒྱུས་ལོན་བཅས་ཀྱི་ལས་ལ་བྲེལ་ཞིང་འཚུབ། ཁོས་བཤད་ན། རང་ཉིད་རུ་དཔོན་ཞིག་ཡིན་པའི་ཆ་ནས། རུ་སྐོར་གྱི་ཁྱིམ་མཚེས་རྣམས་ཀྱི་བདེ་སྡུག་སེམས་ལ་འཛིན་རྒྱུ་ནི་ལས་ཀ་ཀུན་གྱི་རྩ་བ་ཡིན་ཟེར། 

 


       ས་འགུལ་བྱུང་རྗེས་སུ། ཁོ་ལ་ཀྱི་སྡེ་བའི་ཏང་ཡོན་དང་ལས་བྱེད་རྣམས་ཀྱིས་ཡུལ་མི་རྩ་འཛུགས་བྱས་ཏེ། གཅིག་ཀྱང་མ་ལུས་པར་ཚང་མ་བདེ་འཇགས་ཀྱི་གནས་སུ་སྐྱས་སྤོས་བྱས། དེ་རྗེས་སྡེ་བའི་ནང་གི་ཏང་ཡོན་19ཡོད་པ་དེས་དང་བླངས་རུ་ཁག་བཙུགས་ཏེ། སྡེ་བའི་ལས་བྱེད་པའི་ལས་ཀར་དཔུང་རོགས་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་རང་སྲུང་དང་། འདུག་གནས་བཀོད་སྒྲིག་བཅས་ཀྱི་ལས་ཀར་ཞུགས། མགོན་པོ་སྐྱབས་ཀྱིས་བཤད་པ་ལྟར་ན། གནད་འགག་གི་སྐབས་སུ་དགྲ་ལྷ་འབུམ་ལྟ་བུའི་བློ་རིག་བཀྲ་ཞིང་ལས་ལ་བརྩོན་པ། དཔའ་ངར་ལྡན་ཞིང་བྱམས་སེམས་ཆེ་བའི་མི་བུ་ལྷག་བསམ་ཅན་དག་གི་བཀའ་དྲིན་ལས། ཐེངས་འདིའི་ས་འགུལ་ཁྲོད་དུ་ཁོ་ལ་ཀྱི་སྡེ་བའི་ཡུལ་མི་རྣམས་ཀྱི་ཚེ་སྲོག་ལ་གནོད་འཚེ་མ་ཕོག་ཅིང་། འཕྲལ་སེལ་སྡོད་གནས་འཛུགས་སྐྲུན་གྱིས་དམངས་རྣམས་ལུས་བདེ་སེམས་སྐྱིད་ཀྱིས་གནས་བཅས་ཤིང་། སྐྱིད་པའི་ཁྱིམ་གཞིས་བསྐྱར་བསྐྲུན་ལ་ཡང་རེ་བས་ཁེངས་འདུག་ཟེར། 

  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1