མི་ཁ་ཤས་ཀྱིས་བྱ་སྒོང་གི་མཁྲིས་རྒྱུ་གཤེར་རྩིའི་འདུས་ཚད་མཐོ་བར་བསམས་ཏེ་སྙིང་རྩའི་ནད་རིགས་འབྱུང་བའི་ཉེན་ཁེ་ཇེ་ཆེར་འགྲོ་བ་ལ་སྐྲག་ནས་མི་ཟ་བ་རེད། ཡིན་ནའང་། ཉེ་བའི་ལོ་ཤས་རིང་གི་ཞིབ་འཇུག་གྲུབ་འབྲས་མང་པོ་རུ་གསལ་བ་ལྟར་ན། བྱ་སྒོང་ཟོས་པ་དང་བདེ་ཐང་མིའི་ཁྲག་ཚིལ་བར་ལ་འབྲེལ་བ་མེད་པར་མ་ཟད། ད་དུང་སྙིང་རྩའི་ནད་བྱུང་མྱོང་བའི་མིས་ཀྱང་བྱ་སྒོང་འོས་འཚམ་རེ་ཟོས་ཆོག་པ་རེད། དེ་ན། བྱ་སྒོང་འདི་བཟའ་རུང་ངམ་མི་རུང་ཞེ་ན།
གཅིག བྱ་སྒོང་ཟོས་ན་ཁྲག་ཚིལ་གྱི་འདུས་ཚད་ལེགས་བཅོས་བྱས་ཏེ་སྙིང་རྩའི་ནད་རིགས་ཀྱི་འབྱུང་ཚད་ཇེ་དམའ་རུ་གཏོང་ཐུབ།
བྱ་སྒོང་གི་ནང་དུ་ཕལ་ཆེར་མི་ལུས་ལ་མཁོ་བའི་འཚོ་བཅུད་ཚང་མ་འདུས་པ་དང་། དེས་མིའི་འཚར་ལོངས་འབྱུང་བ་དང་བློ་རིག་རྒྱས་པ། མིག་དབང་སྲུང་བ། རྒས་པ་དལ་བར་བྱེད་པ་སོགས་ལ་ཕན་པ་ཡོད་དེ།
ཀ བྱ་སྒོང་གིས་མཁྲིས་རྒྱུ་གཤེར་རྩི་བཟང་པོ(好胆固醇)ཇེ་མང་དང་མཁྲིས་རྒྱུ་གཤེར་རྩིའི་ཁྲག(血胆固醇)ཇེ་ཉུང་དུ་གཏོང་བ་ཡིན།
བྱ་སྒོང་ཟོས་པ་དང་སྟུག་ཚད་མཐོ་བའི་ཚིལ་སྤྲིར(脂蛋白)གྱི་དྭངས་ཚད་གཉིས་ནི་དྲང་ཕྱོགས་ཀྱི་འབྲེལ་བ་ཡིན། སྟུག་ཚད་མཐོ་བའི་ཚིལ་སྤྲིར་གྱི་འདུས་ཚད་མཐོ་ན། ཁྲག་རྩའི་ནང་གི་མཁྲིས་རྒྱུ་གཤེར་རྩི་གཙང་སེལ་བྱེད་རོགས་བྱས་ཏེ་མཁྲིས་རྒྱུ་གཤེར་རྩིའི་སྙིགས་འདོར་ཁྱད་གཤིས་ལེགས་བཅོས་བྱེད་པ་བརྒྱུད་སྙིང་རྩ་ལ་སྲུང་སྐྱོབ་ཀྱི་ནུས་པ་ཐོན་པ་ཡིན།
ཁ བྱ་སྒོང་གིས་མཆིན་པའི་མཁྲིས་རྒྱུ་གཤེར་རྩི་ངན་པ(坏胆固醇)ཕྱིར་འབུད་ལ་སྐུལ་འདེད་བྱེད་པ་ཡིན།
བྱ་སྒོང་གི་ཟ་ཚད་དང་ཚིལ་ཐེག་སྤྲི་དཀརA1(载脂蛋白A1)གི་དམིགས་ཚད་གཉིས་ནི་དྲང་ཕྱོགས་ཀྱི་འབྲེལ་བ་ཡིན། ཚིལ་ཐེག་སྤྲི་དཀརA1གིས་ཕྱི་གནས་ཀྱི་མཁྲིས་རྒྱུ་གཤེར་རྩི་མཆིན་པའི་གནས་སུ་བསྐྱལ་ཏེ་ཕྱིར་འབུད་བྱེད་དུ་འཇུག་པ་དང་། དེ་ནས་མཁྲིས་རྒྱུ་གཤེར་རྩི་ངན་པའི་འདུས་ཚད་ཇེ་ཉུང་དུ་གཏོང་བ་ལ་རོགས་འདེགས་བྱེད་པ་ཡིན།
གཉིས། བདེ་ཐང་ཡིན་པའི་སྒོ་ནས་བྱ་སྒོང་ཟ་ན་གལ་གནད་འདི་དག་ལ་མཉམ་འཇོག་བྱ་དགོས།
ཀ བྱ་སྒོང་ཟ་ཚད་ཀྱི་བླང་བྱ།
བྱ་སྒོང་གིས་མི་ལུས་ལ་ཕན་པ་ཆེ་ནའང་། ཇི་ལྟར་མང་བ་ཟོས་ན་དེ་ལྟར་ཕན་པ་མིན། ཉེ་སྔོན། ཀྲུང་གོའི་གསོ་རིག་ཚན་རིག་གླིང་གི་ཞིབ་འཇུག་གྲུབ་འབྲས་ཤིག་ཏུ་གསལ་བ་ལྟར་ན། གཟའ་འཁོར་རེ་ལ་བྱ་སྒོང3ནས6ཙམ་ཟོས་ན། མིའི་བདེ་ཐང་ལ་སྔར་བས་ཕན་པ་རེད།
ཁ སྒོ་ངའི་སེར་རིལ་ཡང་ཟ་བ།
མི་མང་ཤོས་ཀྱིས་སྒོ་ངའི་སེར་རིལ་གྱི་ནང་གི་མཁྲིས་རྒྱུ་གཤེར་རྩིའི་འདུས་ཚད་ཅུང་མཐོ་བ་ཤེས་ཏེ་སྒོང་སྤྲི་ཁོ་ན་ཟ་བ་ཡིན། དོན་དངོས་སུ་བྱེད་ཚུལ་དེ་ནི་ནོར་བ་ཡིན།
སྒོ་ངའི་སེར་རིལ་གྱི་ནང་དུ། འཚོ་བཅུད་དང་གཏེར་རྒྱུའི་རིགས་ཏེ། Bརིགས་འཚོ་བཅུད་ཚང་མ་དང་འཚོ་བཅུདA འཚོ་བཅུདD འཚོ་བཅུདE འཚོ་བཅུདK འཚོ་བཅུདCཉུང་ངུ་། གཏེར་རྒྱུ་ཀལ་དང་ལིན། ལྕགས། ཏི་ཚ། སེ་སོགས་ཅུང་ཕུན་སུམ་ཚོགས་པོ་ཡོད། དེར་བརྟེན། ཁྲག་ཚིལ་མཐོ་བ་སོགས་དམིགས་བསལ་གྱི་མི་ཚོགས་མ་གཏོགས། སྒོ་ང་ཧྲིལ་བོ་ཟོས་ན་བཟང་བ་ཡིན།
ག སྒོ་ངའི་རིགས་གང་ཉོས་ཀྱང་ཆོག་པ།
ཆེད་མཁས་པས་འབྲེལ་ཡོད་ཚོད་ལྟ་བྱས་ཏེ་ཤེས་རྟོགས་བྱུང་བར་གཞིགས་ན། རིགས་མི་འདྲ་བའི་སྒོ་ངའི་ནང་གི་གྲུབ་ཆ་ཚང་མར་ཁྱད་པར་ཆེན་པོ་མེད་པ་དང་། འཚོ་བཅུད་ཀྱི་འདུས་ཚད་ཀྱང་སྒོ་ངའི་རིན་གོང་མཐོ་བ་ལས་ཇེ་མཐོ་ཡིན་པ་ཞིག་མིན། དེར་བརྟེན། སྒོ་ང་ཉོ་དུས། གསར་བ་ཡིན་ན་ཆོག་པ་རེད།