༄༅། །གླིང་གེ་སར་གྱི་འཁྲུངས་ཡུལ་སྡེ་དགེ---ཨ་ཕྱུག

ནམ་མདོ་ཚེ་རྣམ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-18




     འཛམ་གླིང་གེ་སར་རྒྱལ་པོ་ཟེར་བ་ནི་བློ་རིག་གསལ་ཞིང་ཐབས་ལ་མཁས་པ།གཉེན་ལ་བྱམས་ཤིང་དགྲ་ལ་སྡང་བ། རྫུ་འཕྲུལ་རྩལ་དང་ལྡན་ལ་བཙན་པོ་གཉའ་ནས་གནོན་མཁན། ཉམ་ཆུང་མཐའ་ནས་སྐྱོང་མཁན་ལོ་རྒྱུས་ཐོག་དངོས་སུ་བྱུང་བའི་བོད་རིགས་མི་དམངས་ཀྱི་དཔའ་བོ་ཞིག་ཡིན་པ་ནི་རྗེ་བླ་མ་མི་ཕམ་དང་འགྲོ་འདུལ་དཔའ་བོ་རྡོ་རྗེ་སོགས་སྔོན་བྱོན་མཁས་དབང་རྣམ་པའི་དགོངས་པ་དང་ལོ་རྒྱུས་ཀྱི་ཡིག་ཚང་རྙིང་པ་འཁྲུངས་གླིང་མེ་ཏོག་ར་བ་སོགས་ལས་གསལ།དེ་བཞིན་གླིང་གེ་སར་གྱི་འཁྲུངས་གནས་འདི་ལོ་རྒྱུས་ཀྱི་རྒྱུ་རྐྱེན་དངོས་དང་ལྷག་པར་དུ་ལོ་སྟོང་ཕྲག་གི་སྔོན་གྱི་ཡིག་རྙིང་འཛམ་གླིང་གེ་སར་རྒྱལ་པོ་འདི་དྲིན་ཆེན་ཨ་མ་འགོག་མོ་ལས་སྐྱེས་པའི་སྐོར་འཁྲུངས་གླིང་མེ་ཏོག་ར་བ་ན་དངོས་སུ་བཀོད་ཡོད་པའི་གེ་སར་གྱི་འཁྲུངས་ཡུལ་ནི།ས་སྐྱིད་སོས་ཡག་གི་ཁ་མདོ།བྲག་རལ་པ་འདྲ་བའི་གཡས་ཟུར། ཆུ་གཉིས་ཆབ་མ་བརྡབ་འདྲ།སྤང་གཉིས་བལ་སྟན་བཏིང་འདྲ་ཞེས་བཀོད་ཡོད་ཅིང་། ས་སྐྱིད་སོས་ཡག་གི་ཁ་མདོ་ཟེར་བ་ནི།ཚ་ཚ་དགོན་པའི་གཡོན་ཕྱོགས་ཀྱི་སྐྱིད་ཁོག་ལུང་པ་དང་སོས་ཁོག་ལུང་པ་གཉིས་ཀྱི་བསྡུས་མིང་ཡིན།ཆུ་གཉིས་ཆབ་མ་བརྡབ་འདྲ་ཟེར་བ་ནི།གེ་སར་ལྷ་ཁང་གི་གཡོན་ཕྱོགས་གཉིས་ནས་རྫ་ཆུར་འབབ་པའི་སྐྱིད་ཆུ་དང་སོས་ཆུ་གཉིས་ལ་ཟེར། ཆུ་དེ་གཉིས་ཀྱི་འདུས་མདོ་ལ་གེ་སར་ལྷ་ཁང་གནས་ཡོད།བྲག་རལ་པ་འདྲ་བའི་གཡས་ཟུར་ཟེར་བ་ནི།གེ་སར་ལྷ་ཁང་གི་རྒྱབ་ཕྱོགས་ཀྱི་ཡར་ཐོད་རི་ངོས་ན་རྡོ་གཡའ་མ་ལས་གྲུབ་པའི་བྲག་རྡོ་མིའི་རལ་པ་ལྟ་བུ་ཞིག་ཡོད་པ་དེ་ཡིན།སྤང་གཉིས་བལ་སྟན་བཏིང་འདྲ་ཟེར་བ་ནི། སྐྱིད་ཁོག་ལུང་མདོ་དང་སོས་ཁོག་ལུང་མདོ་སོ་སོར་སྤང་སྔོན་པོ་གནམ་སྔོན་ཐང་ལ་ལྷུང་འདྲ་གཉིས་ཡོད་པར་ཟེར།ད་དུང་ཇོ་རུའི་སྐུ་རྗེས།བླ་མཚོ་ཆུ་མིགའབྲུག་མོའི་སྦྲ་ཕུབ་ས།གེ་སར་གྱིས་རྟ་རྒྱུགས་འདྲེན་ས་སོགས་དངོས་སུ་མཇལ་རྒྱུ་ཡོད།

     གེ་སར་ལྷ་ཁང་ནི་གེ་སར་འཁྲུངས་ཡུལ་གྱི་གནས་དངོས་ན་བཞེངས་ཡོད།ལྷ་ཁང་གི་མདུན་ཕུག་ན་གླིང་གེ་སར་རྒྱལ་པོ་སྐུ་ཉིད་འཁོར་གསུམ་ལུས་ལ་འདོགས་ཏེ་རྐྱང་བུའི་སྟེང་ལ་ཆིབས་པའི་འདམ་བཟོའི་འདྲ་སྐུ་དང་ཁོང་གི་མདུན་དུ་ལུག་གི་མ་མོ་གྲོག་མགོ་མ་སོགས་བཞེངས་ཡོད།གྱང་ངོས་གཡས་གཡོན་གཉིས་ན་གླིང་གི་དཔའ་ཐུལ་སུམ་ཅུ་དང་ཡང་ཐུལ་དམ་པའི་མི་བདུན།རྒྱབ་ཡོལ་ཐོག་ཏུ་གེ་སར་རྒྱལ་པོའི་དགྲ་ལྷ་ཝེར་མ་བཅུ་གསུམ།སྒ་སྐྱ་ལོ་སེང་ལྕམ་འབྲུག་མོ་སོགས་གླིང་གི་དྭངས་སྨན་བརྒྱད་དང་དྲན་རྟེན་ཁང་གི་གཡས་གཡོན་རྒྱབ་ཀྱི་གྱང་ངོས་ཀྱི་མཆོད་ཁྲི་ཐོག་ཏུ་རྒྱ་གར་གྲུབ་ཆེན་བརྒྱད་ཅུ་བཞེངས་ཡོད།གྱང་ངོས་མདུན་ཕྱོགས་ཀྱི་གཡས་གཡོན་གཉིས་སུ་སེང་ཆེན་ནོར་བུ་དགྲ་འདུལ་གྱིས་རྫོང་ཆེན་བཅོ་བརྒྱད་ཕབ་ཚུལ་སོགས་ཁོང་གི་འཕྲིན་ལས་ཞབས་རྗེས་རྣམས་བཀོད་ཡོད།གླིང་གེ་སར་རྒྱལ་པོའི་སྒྲུང་ནི་བོད་རིགས་མི་དམངས་ཀྱི་བློ་གྲོས་ཀྱི་རྩལ་ལས་ཐོན་པའི་དཔའ་བོའི་བྱུང་བརྗོད་ཞིག་ཡིན་ལ་བོད་རིགས་མི་དམངས་ཀྱི་ཁྲོད་དུ་དར་ཁྱབ་ཆེ་བའི་རྩོམ་རིག་ཞིག་ཀྱང་ཡིན།འཛམ་གླིང་རིག་པའི་བང་མཛོད་དུ་ཆེས་རིང་བའི་དཔའ་བོའི་བྱུང་བརྗོད་ཀྱི་སྒྲུང་འདིའི་སྙིང་བསྡུས་དང་ལོ་རྒྱུས་སྐོར་ལ་རྒྱལ་ཁབ་ཕྱི་ནང་གི་མཁས་ཆེན་རྣམས་ཀྱིས་འཆད་ཉན་དང་ཞིབ་འཇུག་བྱེད་བཞིན་ཡོད་ལ།གྲུབ་འབྲས་ཀྱང་ཆེ་ཙམ་ཐོབ་ཡོད་པ་རེད།ལྷག་པར་དུ་ཉེ་བའི་ལོ་ཤས་རིང་རང་རེའི་སྒྲུང་ཞིབ་འཇུག་བྱེད་པའི་འཕྲིན་ལས་རླབས་ཆེན་འདི་ལོ་རྒྱུས་ཀྱི་དུས་སྐབས་གསར་པ་ཞིག་ཏུ་སྐུལ་སྤེལ་བྱེད་པ་དང་།གླིང་གེ་སར་རྒྱལ་པོའི་སྒྲུང་འདི་ནི་ལྷ་སྒྲུང་དང་ངག་རྒྱུན།ལོ་རྒྱུས།གཏམ་རྒྱུད།རྟོགས་བརྗོད།ལྡེའུ།གཏམ་དཔེ།མགུར་གླུ།ཆོས་ལུགས་བཅས་ཀྱི་བདག་ཉིད་ཅན་ཞིག་ཡིན་པ་མ་ཟད།གནའ་བོའི་སྤྱི་ཚོགས་ཀྱི་གཟུགས་བརྙན་མ་ལུས་མཚོན་པའི་ཀུན་གསལ་མེ་ལོང་ཞིག་ཀྱང་ཡིན།གེ་སར་སྒྲུང་འདིར་ཞིབ་འཇུག་བྱས་ན།བོད་རིགས་མི་དམངས་ཀྱི་ཡུལ་སྲོལ་གོམས་གཤིས་དང་འདུ་ཤེས་འཛིན་སྟངས།སྐད་ཆའི་ཁྱད་ཆོས།དཔའ་བོའི་ལོ་རྒྱུས་སོགས་གསལ་ཐུབ།དེ་ལས་མི་རྣམས་ལ་ཡིད་དབང་འཕྲོག་པའི་ནུས་པ་དང་།སེམས་འགུལ་ཐེབས་པའི་རྣམ་པ།བརྗེད་པར་དཀའ་བའི་སྣང་ཚུལ།འཐབ་རྩོད་ཀྱི་དཔའ་འབར་སེམས་ཤུགས།ཕུན་སུམ་ཚོགས་པའི་ཉམས་མྱོང་བཅས་བསྟན་ཡོད་པ་རེད།གེ་སར་འཁྲུངས་ཡུལ་གྱི་གནས་སྐོར་དང་ཡུལ་མིའི་ཁྱད་ཆོས་བརྗོད་ན།ཡུལ་འདིའི་བརྗོད་སྲོལ་ལ།ས་ཨ་ཕྱུག་རི་ཐང་མར་རྒྱན་འདྲ།ཕྱུགས་འབྲི་མོ་ཡག་དོན་དེ་ནས་བྱུང་།ཕྱུགས་རྟ་ནོར་འཕེལ་དོན་དེ་ནས་བྱུང་།གླིང་གེ་སར་སྐྱེས་བུའི་དང་རྩེ་ཡིན།ཕོ་སྐྱེས་གཟུགས་ལེགས་དོན་དེ་ནས་བྱུང་།གསང་དགྲ་ལྷ་འཁོར་དོན་དེ་ནས་བྱུང་།མ་འབྲུག་མོ་མོ་སྨན་དང་རྩེ་ཡིན།ཡུལ་བུ་མོ་མཛེས་དོན་དེ་ནས་བྱུང་།སྨན་ལག་བཅུད་ཆེ་དོན་དེ་ནས་བྱུང་།ཞེས་པ་ལྟར་ཨ་ཕྱུག་གི་ཡུལ་དང་ཡུལ་དེའི་ཕོ་མོ་རྣམས་ནི་མཛེས་ཤིང་ལྟ་ན་སྡུག་པ་ཡིད་དུ་འོང་བ་ཞིག་ཡིན།
སྡེ་དགེ་ཨ་ཕྱུག་ན་ལོ་རྒྱུས་ཐོག་ཕྱུག་པོ་གནམ་ལ་ཐུག་འདྲའི་ཁྱིམ་ཚང་མང་པོ་བྱུང་མྱོང་ཡོད་པ་ནི།དཔེར་ན།སོས་སྟོད་ཚང་།ཁྱིམ་ཆེན་ཚང་།རི་གསར་ཚང་།ཡར་ལེགས་ཚང་བཅས་ལ་རྟ་ནོར་ལུག་སུམ་སྟོང་ལ་ཟིན་རབ་ཡོད་པས།ལོངས་སྤྱོད་ནོར་གྱི་བང་མཛོད་གང་བར།ཕྱིས་སུ་ཡུལ་དེར་ཕྱུག་པོ་ཀླུ་འདྲའི་ཨ་ཕྱུག་ཅེས་མིང་དུ་ཆགས།ད་ལྟའང་ཁྱིམ་ཚང་དེའི་རིགས་ལ་ཕྱུག་པོ་མང་།ཨ་ཕྱུག་གི་མི་རྣམས་ནི་གླིང་གི་རྒྱུད་པ་ཡིན་པས་ལུས་ཁམས་བཟང་ལ་སྐྱེ་གཟུགས་ལེགས་པ་མ་ཟད་ཁྱིམ་ཆེན་ཚང་གི་རིགས་ནི་ཚེ་ལོ་རིང་ལ་དགུང་ལོ་བརྒྱད་ཅུ་ཡན་ལ་བཞུགས་མཁན་མང་།གེ་སར་གྱི་རིགས་དེའི་མི་རྣམས་ལ་ས་ཆ་གཞན་དུ་ཡུན་རིང་ཆགས་ནའང་རང་གི་སྐད་འགྱུར་སྲོལ་མེད་པའི་ཁྱད་ཆོས་ལྡན་པས་རུས་བཟང་པོ་ཡིན་པའི་བཤད་སྲོལ་ཡོད་དོ།   །


རྩོམ་ཡིག་རྗེས་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1