༄༅།།འབྲུག་མོའི་མི་རྟ་ངོ་སྤྲོད་ཀྱི་གླུ་དགུ་སེང་དྲུག་འགྱུར་གྱི་རྟ་ལ་དྲངས་ནས་བླངས་སོ། །

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཧོར་གླིང་གཡུལ་འགྱེད་སྨད་ཆ་ལས་དྲངས། སྤེལ་དུས། 07-08


  གླུ་ཐ་ལ་ཐ་ལ་ཐ་ལ་རེད། །

   གླུ་ཨ་ལ་ལ་མོ་ཨ་ལ་རེད། །

   གླུ་མཆོད་པ་འབུལ་ལོ་གོང་མ་ལྷ། །

   ང་འབྲུག་མོའི་བསམ་དོན་འགྲུབ་པར་ཤོག །

   ས་འདི་ཡི་ས་ངོ་མ་ཤེས་ན། །

   སྡེ་ཨ་ཆེན་ཧོར་གྱི་ས་ཆ་ལ། །

   མཁར་ཡ་རྩེ་དཀར་མོའི་ཡང་སྟེང་རེད། །

   སྨན་ང་དང་ང་ངོ་མ་ཤེས་ན། །

   གླིང་དཀར་པོའི་ཡུལ་ན་ཡོད་པའི་དུས། །

   སྒ་སྐྱ་ལོའི་སེང་ལྕམ་འབྲུག་མོ་ཟེར། །

   མཁར་སེང་འབྲུག་སྟག་རྩེའི་ནང་བཅུད་ཡིན། །

   ཧོར་སེར་པོའི་ཡུལ་ལ་ཐོན་པ་ནས། །

   ཧོར་མོ་བསམ་གྲུབ་སྒྲོལ་མ་བཏགས། །

   མཁར་ཡ་རྩེ་ནང་ལ་འདུག་མི་ཡིན། །

   བུ་ཐང་རྙེད་ཉི་འབུམ་ཚུར་ཉོན་དང་། །

   ཆུ་ཕར་རིའི་གླིང་དམག་རུ་འདྲེན་པ། །

   གླིང་གེ་སར་ཡིན་པ་ཐག་གིས་ཆོད། །

   ཕ་ཡབ་ལ་སེང་བློན་རྒྱལ་པོ་ཟེར། །

   མ་ཡུམ་ལ་འགོག་བཟའ་ལྷ་མོ་ཟེར། །

   སྲས་ཁོང་ནི་སེང་ཆེན་རྒྱལ་པོ་ཞེས། །

   སྟེང་ལྷ་ཆེན་ཚངས་པའི་ཐུགས་སྲས་རེད། །

   བར་གེར་མཛོ་གཉན་གྱི་དཔོན་བླ་རེད། །

   འོག་གཙུག་ན་ཀླུ་ཡི་ཚ་བོ་རེད། །

   དབུ་རྨོག་དཀར་ནོར་བུའི་ཁྱུང་ཏོག་ཅན། །

   དར་འཕྲུ་བྲོ་གར་ལྡེམས་སེ་ལྡེམ། །

   རྒོད་འཕྲུ་གར་སྟབས་ཁྲིགས་སེ་ཁྲིག །

   རྨོག་དཀར་རྒྱལ་བའི་དོན་གྲུབ་རེད། །

   སྐུ་ཁྲབ་དཀར་ཟིལ་བ་ཐོག་སྟུག་ལ། །

   ཁྲབ་ཕོ་བྱང་བརྒྱ་ལ་ཁྲོ་བོ་བརྒྱ། །

   ཁྲབ་མོ་བྱང་བརྒྱ་ལ་ཁྲོ་མོ་བརྒྱ། །

   དཔའ་དགྲ་ལྷ་ཆགས་པའི་བླ་རྟེན་རེད། །

   སྐེད་ཤུབས་ཁྲ་གསེར་གྱི་པ་ཏྲ་ན། །

   གྲི་ཡ་ཟི་འཆི་བདག་འཕྲེད་ཉལ་ལ། །

   དྲི་ཟའི་ཁུན་པ་འཐིབས་སེ་ཡོད། །

   དེ་ལེབ་ཆེན་བཏབ་པ་ལན་མེད་རེད། །

   གཡས་དོང་བ་སྟག་མོའི་མཆེ་བར་ན། །

   རྣོ་ལྷ་མདའ་ལི་མ་སྐར་ལྟར་འཁྲིགས། །

   དེ་མདའ་རབ་དགུ་བཅུ་གོ་དགུ་རེད། །

   གཡོན་གཟིག་ཤུབས་གཟིག་མོའི་ཁ་ནང་ན། །

   སྤྲུལ་པའི་སྟག་གཞུ་གློག་འོད་འབར། །

   དེ་གཞུ་མོ་རྭ་རྒོད་འཁྱིལ་བ་རེད། །

   ལག་མདུང་རིང་དུག་གི་རྩེ་མོ་ཅན། །

   རྩེ་བ་དན་ལྕེ་བརྒྱད་རླུང་གིས་བསྐྱོད། །

   དེ་མདུང་མོ་ཁམས་གསུམ་དགྲ་འདུལ་རེད། །

   རྒྱབ་ཕུབ་དཀར་ཟླ་བ་ཚེས་འདྲ་ལ། །

   སྐུ་སྲུང་མ་དར་དཀར་ཕྱག་རྒྱ་ཅན། །

   དེ་ཕུབ་མོ་སྦ་དམར་གླིང་བརྒྱད་ཟེར། །

   ཞགས་དོན་ཡོད་འཕྲུལ་གྱི་ལྕགས་ཀྱུ་ལ། །

   ཡིད་དགོས་འདོད་ནོར་བུའི་ཨ་ལོང་ཅན། །

   ལྷ་ཐུགས་རྗེས་འགུགས་པའི་འཕྲུལ་ཞགས་རེད། །

   གཤམ་སྟ་གྲི་སྲིན་ཤིང་ཡུ་བ་ལ། །

   རྣོ་ཕ་ལམ་རེག་པའི་སོ་དུག་ཅན། །

   དེ་སྟ་རེ་བྲག་དམར་ཧར་གཤག་རེད། །

   སྐེད་འུར་ཆ་ཁྲ་མོའི་འཕྲུལ་ཐག་ལ། །

   ཐབས་ཤེས་རབ་ལྕེ་ལུང་ཟུང་དུ་འཇུག །

   དེ་འུར་ཆ་ཁྱུང་མིག་དགུ་བ་རེད། །

   དཔའ་དགྲ་ལྷའི་གོ་མཚོན་སྣ་དགུ་དེ། །

   ཕོ་གཞན་པའི་ལུས་ལ་མི་རུང་ཟེར། །

   དཔོན་གེ་སར་སྐུ་ལ་འཚམ་པོ་ཡིན། །

   དབུ་རྨོག་དཀར་ཁྱུང་ཐོག་རྩེ་རྒྱལ་ན། །

   རྒོད་ཐང་དཀར་ལྡིང་བསྐོར་ཀྱི་ལི་ལི། །

   དེ་ཕུ་བོ་དུང་སྐྱོང་དཀར་པོ་རེད། །

   རྨོག་ཁྱུང་ཏོག་རྒྱུད་ལ་འབྲལ་མེད་ཟེར། །

   སྐུ་ཕྲག་པ་གཡས་པའི་གོང་རོལ་ན། །

   ཚིག་སྒྲ་ཤེས་གཡུ་ཡི་ནེ་ཙོ་ཡོད། །

   དེ་ནུ་བོ་ཀླུ་སྦྲུལ་འོད་ཆུང་རེད། །

   གཡས་གསེར་བྱང་རྒྱུད་ལ་འབྲལ་མེད་ཟེར། །

   སྐུ་ཕྲག་པ་གཡོན་པའི་གོང་རོལ་ན། །

   བྱ་ཁུ་བྱུག་སྐད་སྙན་ལྷངས་སེ་ལྷང་། །

   དེ་སྲིང་ལྕམ་ཐ་ལེ་འོད་དཀར་རེད། །

   གཡོན་བྱང་ཕུད་རྒྱུད་ལ་འབྲལ་མེད་ཟེར། །

   སྐུ་ཐུགས་ཀ་ཡིད་བཞིན་འཁོར་ལོ་ལ། །

   ལར་སྤྲུལ་པའི་མེ་སྟག་ཚ་ཚ་འཕྲོ། །

   དེ་དགྲ་ལྷ་གཉན་སྟག་དམར་མོ་རེད། །

   བུ་གེ་སར་ལུས་ལ་འབྲལ་མེད་ཟེར། །

   འོག་མགྱོགས་པ་རླུང་གི་འཕྲུལ་འཁོར་ཅན། །

   མགོ་རྗེ་མདུང་རྒྱུད་ནས་ལྷ་འབོད་བྱེད། །

   རྐང་རྨིག་ཆུང་རྒྱུད་ནས་ཀླུ་འབོད་བྱེད། །

   དེ་ཕྱི་ལ་བྱོལ་སོང་རྟ་ཡི་ལུས། །

   ཁོ་ནང་ལ་སངས་རྒྱས་དགོངས་པ་འཆར། །

   དེ་འདོ་རྗེ་རྐྱང་རྒོད་གཡེར་བོ་རེད། །

   གླིང་འཛམ་གླིང་མི་རྟ་གཉིས་པོ་དེ། །

   ཡིན་ཐག་ཆོད་དེ་ལ་ནོར་འཁྲུལ་མེད། །

   དེ་ནས་ཕར་ལ་བལྟས་ཙ་ན། །

   སྐད་རྒྱང་གང་གི་ཕར་ནང་ན། །

   མིག་རྒྱང་གང་གི་ཚུར་ནང་ན། །

   མདའ་རྒྱང་གང་གི་ས་མཚམས་ན། །

   རྟ་གཅིག་བྱུང་གཉིས་བྱུང་གླིང་གི་རྟ། །

   རྟ་འདོ་བ་ལུ་གུ་རྩེ་རྩེ་རེད། །

   ཕོ་གཅིག་བྱུང་གཉིས་བྱུང་གླིང་གི་མི། །

   སྟག་ངར་ངར་ནགས་ལ་མཆོང་མཆོང་རེད། །

   ལྷོ་གཡུ་འབྲུག་ཚང་ནས་ལངས་འདྲ་བོ། །

   ཐོག་སེར་བ་དཔུང་གིས་འཁྲིད་པའི་བུ། །

   ཕོ་རྒོད་པོ་རང་དབང་ཐོབ་པའི་བུ། །

   བཀའ་བློན་ཚ་ཞང་འདན་མ་རེད། །

   མདའ་སྐྱེན་པོ་རང་དབང་ཐོབ་མི་རེད། །

   ཧོར་ཤན་པའི་ཡ་ཐོད་འགོག་མི་རེད། །

   སྲས་ཁྲི་བཙུན་ཐང་ལ་རྡེབ་མི་རེད། །

   དེའི་འོག་གི་ཆིབས་རྟ་ཅང་ཤེས་དེ། །

   རྟ་གྲོ་དཀར་རྒྱུག་འདོད་རྔ་ཕྱོར་ཅན། །

   སྤྱང་གྭ་མ་ཁིས་ནས་བུད་འདྲའི་རྟ། །

   དཔའ་འདན་མའི་དངོས་གྲུབ་ལྡེམ་པ་རེད། །

   དེའི་རྗེས་ལ་བྱུང་བའི་སྐྱེས་བུ་དེ། །

   སེང་དཀར་མོ་གངས་ལ་འགྱིངས་འདྲའི་བུ། །

   མགོ་གཡུ་རལ་ཅན་གྱི་རྒྱལ་རྒྱུད་ལ། །

   ལྡོང་འབུམ་པའི་དགྲ་ལྷ་རྩེ་རྒྱལ་རེད། །

   དམག་འཕྲུ་དཀར་ཅན་གྱི་བདག་པོ་རེད། །

   ཕ་རྒྱ་ཚའི་ཤ་ལན་སྙེག་མི་རེད། །

   དེའི་ཞབས་ཀྱི་ཆིབས་རྟ་རླུང་ཤུགས་ཅན། །

   ཕ་རྒྱ་ཚའི་རྒྱ་བྱ་སོག་དཀར་རེད། །

   ཕ་རྟ་བཟང་བུ་ལ་ཐང་ལེ་རེད། །

   དེའི་རྗེས་བྱུང་བའི་སྐྱེས་བུ་དེ། །

   གངས་རི་རྒྱུད་མ་ཆད་གེར་མཛོའི་རི། །

   ཆབ་ཆུ་རྒྱུན་མ་ཆད་རྨ་ཆུའི་ཆུ། །

   དཔོན་ལྷ་རྒྱུད་མ་ཆད་སེང་བློན་དཔོན། །

   བྱམས་སྙིང་རྗེའི་རང་དབང་ཐོབ་པ་ཁོང་། །

   ཁོ་ཡབ་ཆེན་སེང་བློན་རྒྱལ་པོ་རེད། །

   དེའི་རྗེས་བྱུང་བའི་སྐྱེས་བུ་དེ། །

   སེང་དཀར་མོའི་སེངྒེ་སྟོབས་ལྡན་རེད། །

   དེའི་རྗེས་བྱུང་བའི་སྐྱེས་བུ་དེ། །

   བློ་གྲོས་ཅན་ནམ་མཁའ་ལངས་འདྲ་ལ། །

   གྲོས་ཤེས་ཅན་ས་ཆུ་ལྷོད་འདྲ་ཡོད། །

   ལྡོང་ཁུ་བོ་སྤྱི་དཔོན་རྒྱལ་པོ་རེད། །

   དེའི་རྗེས་བྱུང་བའི་སྐྱེས་བུ་དེ། །

   ལྡོང་ཁུ་བོའི་ཤ་རྐྱང་དྲེལ་མགོ་རེད། །

   དེའི་རྗེས་བྱུང་བའི་སྐྱེས་བུ་དེ། །

   ཕོ་རྒོད་པོ་སེང་སྟག་ཨ་དོམ་རེད། །

   ས་དུག་ཐང་དམྱལ་བ་འཛད་མེད་ནས། །

   གྲི་ལེབ་ཆེན་མི་ཡི་བཤའ་གྲི་ལ། །

   སེང་དོམ་བུ་མི་ཡི་སྤྱང་ཀི་ཞེས། །

   ཧོར་འབུམ་དམག་ཁྲག་ལ་བསྒྲེས་མི་རེད། །

   དེའི་རྗེས་བྱུང་བའི་སྐྱེས་བུ་དེ། །

   རྟ་སྟོང་རི་ནོར་གྱི་བང་མཛོད་རེད། །

   དེའི་རྗེས་བྱུང་བའི་སྐྱེས་བུ་དེ། །

   འབྲི་སྒ་སྡེ་ཆོས་སྐྱོང་བེར་ནག་རེད། །

   སྔགས་ནག་པོ་ཧཱུཾ་ཤི་ཕཊ་འགྱེལ་ལ། །

   ཧོར་ཤན་པའི་དུག་མཚོ་དཀྲུག་མི་རེད། །

   དེའི་རྗེས་བྱུང་བའི་སྐྱེས་བུ་དེ། །

   རྟ་བྲ་ནག་གཟིག་གི་ཐིག་ལེ་ཅན། །

   སོག་ཅོག་རོའི་གཟའ་རྟ་མིག་མང་རེད། །

   དེའི་རྗེས་བྱུང་བའི་སྐྱེས་བུ་དེ། །

   རྒྱུག་ལོ་ལམ་གསུམ་ལ་གྲགས་ལེ་རེད། །

   ཕྱུགས་ཟླ་ལམ་གསུམ་ལ་ཁེབས་ལེ་རེད། །

   སྒ་སྐྱ་ལོ་སྟོན་པ་རྒྱལ་མཚན་རེད། །

   སྨན་འབྲུག་མོ་ང་ཡི་ཨ་ཕ་རེད། །

   དེའི་རྗེས་བྱུང་བའི་སྐྱེས་བུ་དེ། །

   སྒ་སྐྱ་ལོའི་དགུ་བརྒྱ་ར་གཅིག་རེད། །

   དེའི་རྗེས་བྱུང་བའི་སྐྱེས་བུ་དེ། །

   ཕོ་རོག་པོ་སྨ་རའི་ལན་ཚར་ཅན། །

   རྟ་དམར་པོ་གཡག་གི་རྔ་མ་ཅན། །

   ཕྱི་བཤིག་གི་ཌ་རུ་དཀྲོལ་མེ་ལ། །

   ནང་བཤིག་གི་རྔ་ཆུང་རྡུང་མི་ཟེར། །

   གླིང་ཁྲ་བོ་དཀྲུག་གི་ཕུང་རྒན་པོ། །

   ལྡོང་མ་བཞིའི་དཔོན་པོ་ཁྲོ་ཐུང་རེད། །

   ཧོར་གུར་དཀར་རྒྱལ་པོའི་མནའ་ཤག་རེད། །

   དེའི་རྗེས་བྱུང་བའི་སྐྱེས་བུ་དེ། །

   རྟ་དམར་པོ་རྔ་རྔོག་ནག་པོ་ཅན། །

   དཔོན་ཁྲོ་ལུའི་འཕར་བ་རྔ་ནག་ཅན། །

   དེའི་རྗེས་བྱུང་བའི་སྐྱེས་བུ་དེ། །

   མི་སེར་པོ་རྟ་སེར་དར་འཕྲུ་སེར། །

   མགོ་གསེར་འཕྲུ་ཉི་འོད་ལམས་སེ་ལམ། །

   བར་གཉན་པོ་ཆས་འདྲའི་སྐྱེས་བུ་དེ། །

   ལྡོང་གསེར་བའི་ཉི་འབུམ་དར་ཡག་དེར། །

   དམག་གསེར་འཕྲུ་ཅན་གྱི་བདག་པོ་རེད། །

   གུར་སེར་པོའི་གསེར་འཕྲུ་ཕབ་མི་རེད། །

   དེའི་རྗེས་བྱུང་བའི་སྐྱེས་བུ་དེ། །

   རྟ་ངང་བ་གསེར་བྱ་ཡུ་མོ་རེད། །

   དེའི་རྗེས་བྱུང་བའི་སྐྱེས་བུ་དེ། །

   དཔའ་སྐྱེན་པོ་ཨ་ནུ་དཔའ་སེང་རེད། །

   དེའི་རྗེས་བྱུང་བའི་སྐྱེས་བུ་དེ། །

   རྟ་འདོ་བ་མཚལ་བུ་སྒྲ་ཤེས་རེད། །

   དེའི་རྗེས་བྱུང་བའི་སྐྱེས་བུ་དེ། །

   སྡེ་སྟོང་དཔོན་རིན་ཆེན་དར་ལུ་རེད། །

   དེའི་རྗེས་བྱུང་བའི་སྐྱེས་བུ་དེ། །

   རྟ་འདོ་བ་ཆུ་མདོག་འགྱུར་ཤེས་རེད། །

   དེའི་རྗེས་བྱུང་བའི་སྐྱེས་བུ་དེ། །

   མདུང་སྐྱ་རིང་རང་དབང་ཐོབ་པའི་བུ། །

   དཔའ་དར་འཕེན་དུག་གི་སྡོང་བོ་རེད། །

   དེའི་རྗེས་བྱུང་བའི་སྐྱེས་བུ་དེ། །

   རྟ་འདོ་བ་སྨུག་པོ་ལྡིང་ཤེས་རེད། །

   དེའི་རྗེས་བྱུང་བའི་སྐྱེས་བུ་དེ། །

   གདོང་བཙན་པོ་ཨ་ནུ་དཔའ་སེང་རེད། །

   དེའི་རྗེས་བྱུང་བའི་སྐྱེས་བུ་དེ། །

   མགྱོགས་བྱ་ལམ་ཐང་དཀར་སྤར་འཛིན་བྱེད། །

   རྟ་མགྱོགས་པ་གཡུ་བྱ་དྲེལ་སྔོན་རེད། །

   དེའི་རྗེས་བྱུང་བའི་སྐྱེས་བུ་དེ། །

   དཔའ་མུ་བའི་ཤེལ་དཀར་རྒྱང་གྲགས་རེད། །

   དེའི་རྗེས་བྱུང་བའི་སྐྱེས་བུ་དེ། །

   རྟ་འདོ་བ་ཤིང་ལོ་དགུ་འགྱུར་རེད། །

   དེའི་རྗེས་བྱུང་བའི་སྐྱེས་བུ་དེ། །

   དཔའ་འོམ་བུའི་བརྒྱ་ཁྲི་རྔམ་ཆེན་རེད། །

   དེའི་རྗེས་བྱུང་བའི་སྐྱེས་བུ་དེ། །

   རྟ་འདོ་བ་གྲོ་བོ་གཡུ་རྔོག་རེད། །

   དེའི་རྗེས་བྱུང་བའི་སྐྱེས་བུ་དེ། །

   ཁོང་མི་ཆེན་ཉི་མ་ལྷུན་གྲུབ་རེད། །

   དེའི་རྗེས་བྱུང་བའི་སྐྱེས་བུ་དེ། །

   རྟ་འདོ་བ་ངང་བ་ལྷ་འཆམ་རེད། །

   དེའི་རྗེས་བྱུང་བའི་སྐྱེས་བུ་དེ། །

   དཔའ་འབྲི་སྲས་ནམ་མཁའ་ཐོག་རྒྱལ་རེད། །

   དེའི་རྗེས་བྱུང་བའི་སྐྱེས་བུ་དེ། །

   རྟ་འདོ་བ་རླུང་ནག་རྗེས་གཅོད་རེད། །

   དེའི་རྗེས་བྱུང་བའི་སྐྱེས་བུ་དེ། །

   ལྡོང་སྲས་པོ་དཔའ་སར་ཟླ་བ་རེད། །

   དེའི་རྗེས་བྱུང་བའི་སྐྱེས་བུ་དེ། །

   རྟ་མཚར་བུ་ཁ་ལ་མེ་འབར་རེད། །

   དེའི་རྗེས་བྱུང་བའི་སྐྱེས་བུ་དེ། །

   དཔའ་ལྕགས་ནག་དཔོན་པོ་སེང་སེང་རེད། །

   དེའི་རྗེས་བྱུང་བའི་སྐྱེས་བུ་དེ། །

   རྟ་འདོ་བ་ལུ་གུ་འཕུར་ཤེས་རེད། །

   དེའི་རྗེས་བྱུང་བའི་སྐྱེས་བུ་དེ། །

   བརྒྱ་དཔོན་བན་དེ་དམར་ལུ་རེད། །

   དེའི་རྗེས་བྱུང་བའི་སྐྱེས་བུ་དེ། །

   རྟ་རོག་པོ་ནོར་བུ་བང་ལེན་རེད། །

   དེའི་རྗེས་བྱུང་བའི་སྐྱེས་བུ་དེ། །

   ལྡོང་ཐ་ཡས་སྐྱེས་མཆོག་ཐར་བ་རེད། །

   དེའི་རྗེས་བྱུང་བའི་སྐྱེས་བུ་དེ། །

   རྟ་འདོ་བ་ཅོ་ཀ་འཕུར་ཤེས་རེད། །

   དེའི་རྗེས་བྱུང་བའི་སྐྱེས་བུ་དེ། །

   དཔའ་གཟུ་ཆེན་ཝེར་མའི་ལྷ་དར་རེད། །

   དེའི་རྗེས་བྱུང་བའི་སྐྱེས་བུ་དེ། །

   རྟ་འདོ་བ་ཁུ་བྱུག་གཡུ་སྔོན་རེད། །

   དེའི་རྗེས་བྱུང་བའི་སྐྱེས་བུ་དེ། །

   ལྡོང་བེ་རིའི་ཉི་མ་རྒྱལ་མཚན་རེད།

   དེའི་རྗེས་བྱུང་བའི་སྐྱེས་བུ་དེ། །

   རྟ་གཡེར་ཆེན་དཀར་མོ་གཤོག་དྲུག་རེད། །

   དེའི་རྗེས་བྱུང་བའི་སྐྱེས་བུ་དེ། །

   གཉན་སྟག་དམར་པོ་ཟེར་བ་རེད། །

   དེའི་རྗེས་བྱུང་བའི་སྐྱེས་བུ་དེ། །

   གཉན་རྟ་སེར་བོ་གསེར་སྒོང་རེད། །

   དེའི་རྗེས་བྱུང་བའི་སྐྱེས་བུ་དེ། །

   ལྷ་མགོན་དཀར་པོ་ཟེར་བ་རེད། །

   དེའི་རྗེས་བྱུང་བའི་སྐྱེས་བུ་དེ། །

   ལྷ་རྟ་ངང་དཀར་གཡུ་རྔོག་རེད། །

   དེའི་རྗེས་བྱུང་བའི་སྐྱེས་བུ་དེ། །

   ཧོར་ཁྲ་རྒོད་ཟླ་བ་ཟེར་བ་རེད། །

   དེའི་རྗེས་བྱུང་བའི་སྐྱེས་བུ་དེ། །

   རྟ་འདོ་བ་ནག་ལ་ཧབ་ཆད་རེད། །

   དེའི་རྗེས་བྱུང་བའི་སྐྱེས་བུ་དེ། །

   སྐར་ཆེན་རི་ཤོར་བྱ་བ་རེད། །

   དེའི་རྗེས་བྱུང་བའི་སྐྱེས་བུ་དེ། །

   རྟ་འདོ་བ་ཁྲུང་དཀར་ཉི་ཤར་རེད། །

   ཕོ་དེ་གཉིས་ཧོར་གྱི་པཱ་ཐུར་ལ། །

   གླིང་དཀར་པོའི་ལས་དམག་བྱས་ནས་འདུག །

   དེའི་རྗེས་བྱུང་བའི་སྐྱེས་བུ་དེ། །

   ངས་འདི་རེད་བསམ་པ་མ་བྱུང་ཡང་། །

   སྐྱེས་མོ་ཡི་ལུས་ལ་ཕོ་ཆས་ཅན། །

   ཆག་བཞག་ན་ཨ་སྟག་ལྷ་མོ་རེད། །

   དེའི་རྗེས་བྱུང་བའི་སྐྱེས་བུ་དེ། །

   རྟ་འདོ་བ་རག་པ་སྟག་སུག་འདྲ། །

   དེའི་རྗེས་བྱུང་བའི་སྐྱེས་བུ་དེ། །

   ངའི་ཐུང་ཐུང་མིག་གིས་མ་རིག་ཀྱང་། །

   རིང་བོ་རྣ་བས་གོ་ཚོད་ལ། །

   མི་རེས་ལྕག་ཚན་འཕྱར་ནས་འདུག །

   མི་མགོའི་ཐོང་སྡོམ་འཕྱང་ནས་འདུག །

   ཆགས་བཞག་ན་བདུད་པོ་ཀླུ་བཙན་འདྲ། །

   སྔོན་དང་མ་ཧོར་གྱི་དཔུང་རོགས་རེད། །

   ད་གླིང་དཀར་དམག་དཔོན་བྱས་ནས་འདུག །

   དེའི་ཞབས་ཀྱི་ཆིབས་རྟ་རླུང་ཤུགས་ཅན། །

   ངས་འདི་རེད་བསམ་པ་མ་བྱུང་ཡང་། །

   ཆག་བཞག་ན་ཁྱུང་ནག་ནམ་ལངས་འདྲ། །

   དེའི་རྗེས་བྱུང་བའི་སྐྱེས་བུ་དེ། །

   ངོ་ཤེས་པའི་མི་ཞིག་མ་རེད་དེ། །

   ཕར་བལྟས་ན་གཡུ་ཡི་རྩེ་རྒྱལ་འདྲ། །

   དེའི་རྗེས་བྱུང་བའི་སྐྱེས་བུ་དེ། །

   ངོ་ཤེས་པའི་རྟ་ཞིག་མ་རེད་དེ། །

   ཆག་བཞག་ན་སྦྲུལ་ནག་སྦལ་གཟན་འདྲ། །

   ཕོ་དེ་མིན་རྩིས་རྩིས་གྲངས་མེད་ལ། །

   ཕོ་རྒོད་པོ་ཐོག་སེར་ཡར་ཡར་རེད། །

   ཕོ་རེ་ལ་མིང་རེ་ལོས་ཡོད་དེ། །

   ངོ་ཤེས་པའི་མི་ཚོ་དེ་ཙམ་རེད། །

   རྟ་འདོ་བ་རྩིས་རྩིས་གྲངས་མེད་རེད། །

   མགྱོགས་ངེས་ཅན་ཤ་རྐྱང་ཞོགས་ཞོགས་རེད། །

   རྟ་རེ་ལ་མིང་རེ་ལོས་ཡོད་དེ། །

   མིང་ཐོགས་པའི་རྟ་ཕོ་དེ་ཙམ་རེད། །

   དམག་འཕྲུ་དཀར་གངས་རི་ཞོགས་ཞོགས་རེད། །

   འཕྲུ་ནག་པོ་སོལ་རི་གཟེངས་འདྲ་རེད། །

   འཕྲུ་དམར་པོ་ཁྲག་མཚོ་འཕྱུར་འཕྱུར་རེད། །

   གླིང་ལྷ་བདུད་བསྒྲིལ་བའི་ལས་དམག་རེད། །

   ཡིན་ཐག་ཆོད་ཧོར་གྱི་སྟེང་ལ་རེད། །

   གླིང་དཔའ་བརྟུལ་ཁྲོས་པའི་གདོང་སྔ་ནས། །

   དགྲ་འཆི་བདག་ཡིན་ཡང་ཧ་ལ་འཕེན། །

   གླིང་རྟ་ཕོ་རྒྱུག་གི་བང་ལམ་ནས། །

   རྒོད་ཐང་དཀར་ཡིན་ཡང་ཤུགས་ཀྱིས་འཛིན། །

   གླིང་ལྷ་མཚོན་གཡུག་གི་སོ་ཁ་ནས། །

   བྲག་རྡོ་རྗེ་ཡིན་ཡང་ཐོར་ནས་འགྲོ། །

   དེ་ཚོ་གླིང་ལ་གྲངས་ཚོད་འདུག །

   བདེན་ཐག་ཆོད་མིག་གིས་མཐོང་རབས་ཡོད། །

   སྟེང་མི་ཕོ་གཟི་མདངས་ཆེ་ལུགས་དང་། །

   འོག་རྟ་ཕོ་གོམ་ལག་བདེ་ལུགས་དང་། །

   སྐེད་མཚོན་ཆར་དགྲ་ལྷ་འཁོར་ལུགས་དང་། །

   གླིང་དཔའ་བརྟུལ་མགོ་འཕང་མཐོ་ལུགས་ལ། །

   ལས་སྔར་བྱས་ལན་པོ་ལེན་ངེས་རེད། །

   མི་བསད་པའི་ཤ་ལན་ལེན་ངེས་རེད། །

   རྒྱུ་ཁྱེར་བའི་སྐྱིན་པ་ལེན་ངེས་རེད། །

   ང་འབྲུག་མོའི་ར་མདར་འོངས་པ་རེད། །

   མཐོ་ཨ་གནམ་རྒྱལ་པོའི་མན་ཆོད་དང་། །

   ཧོར་པཱ་ཐུར་གང་ཡོད་ཡན་ཆོད་ཀྱིས། །

   འདང་བསམ་བློ་སྔོན་ལ་གཏོང་ཡག་གྱིས། །

   ལས་འགྱོད་པ་རྗེས་ནས་མེད་ལེ་གྱིས། །

   ཡང་མིན་ན་ཇ་ཆང་ཕྱག་སྐྱེམས་ཕུལ། །

   སྐྱེམས་ཞུས་ན་ཚེ་སྲོག་ཨེ་ཐར་ལྟོས། །

   ཡང་མིན་ན་དམག་གི་རུ་དཔུང་སྒྲིགས། །

   དགྲ་ངོ་ལེན་བྱེད་པའི་དཔའ་བོ་བུད། །

   སྡེ་ཧོར་གླིང་ཞོ་ལྟར་ཆགས་པའི་སྐབས། །

   བཙན་ཚོད་མེད་ཁྲག་ལྟར་དཀྲུག་སྐབས་ཀྱི། །

   བུ་གང་བཙན་ཐམས་ཅད་གང་ལ་སོང་། །

   ང་འབྲུག་མོས་གླིང་མཁར་བཟུང་བའི་སྐབས། །

   ཁྲ་ཧོར་བས་བྱེའུ་ཕྲུག་བཅད་འདྲ་བྱས། །

   དཔའ་རྒོད་པོ་དེ་ཚོ་གང་ལ་སོང་། །

   ཡུལ་ཐང་ཆེན་ས་ལ་ལམ་ཆེན་བཏོད། །

   རི་གདོང་ཆེན་ཁ་ལ་ཉག་ཆེན་བཏོད། །

   དཔུང་མང་པོ་དེ་ཚོ་གང་ལ་སོང་། །

   དཔུང་ཡོད་ན་དེ་རིང་འབུད་རན་གདའ། །

   ཧོར་ཨ་གནམ་གུར་དཀར་རྒྱལ་པོ་ཁྱོད། །

   བྲོས་ཟེར་བ་ཕྱི་རབས་གཏམ་བཞག་རེད། །

   འཐབ་བསམས་ན་དཔའ་རྒོད་དཔུང་བ་གཏུགས། །

   འཛུལ་བསམས་ན་གདན་འདྲེན་ཕྱག་འཚལ་གྱིས། །

   དོན་ཅི་དགོས་རྒྱལ་བློན་ཐུགས་བསམ་བཞེས། །

   གླུ་གོ་ན་རྣ་བའི་བདུད་རྩི་གྱིས། །

   གླུ་མ་གོ་བ་ལ་འགྲེལ་བ་མེད། །

   ཧོར་རྒྱལ་བློན་ཐུགས་ལ་དེ་ལྟར་ཞོག །

   ཅེས་གླུ་མཇུག་དེ་རྫོགས་ཙམ་ན་གླིང་དམག་རྣམས་ཀྱང་མཇུག་བསྒྲིལ་ཟིན


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1