དར་རྒྱས་གཡུང་དྲུང་སྨིན་གྲོལ་གླིང་།

ཚེ་མིང་བ། རྩོམ་སྒྲིག་པ། སྒྲོལ་མ་ཚེ་བརྟན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-19



       ༈དམུ་ར་ཝེར་རོ་སྤུངས་སོ་པ་ཏ་ཡ།  དེ་ཡང་སྨོན་རྒྱལ་འཕྲིན་ལས་དགོན་མདོ་སྨད་རྫ་སྒང་རྒྱུད་དུ་སྲོན་མོ་གན་རྐྱལ་འདྲ་བའི་ས་གནད།  དྲེ་བོ་ཤོད་ཡུལ་དབུས་སུ་མངོན་པའི་གནས་ཆེན་པདྨ་བརྩེགས་པའི་བྱང་ཕྱོགས་གོ་ལམ7དར་རྒྱས་གཡུང་དྲུང་སྨིན་གྲོལ་གླིང་ནི།  དཀར་མཛེས་རྫོང་གི་ནུབ་རྒྱུད་རྫ་ཆབ་སྔོན་མོའི་གཡོན་ཟུར་ལེ་དབར་བཅུ་གསུམ་མཚམས་སུ།  མདོ་སྨད་བསྟན་པའི་བདག་པོ་དབྲ་ལྕང་སྨོན་གསུམ་ཞེས་གྲགས་པ་ལས། དམུ་ཚ་སྒ་རིགས་ས་མ་དམུ་རིགས་གཤེན་རྒྱུད་ལས་གྲོལ་བའི་དམ་པ་སྨོན་རྒྱལ་གཙུག་ཕུད་འོད་ཟེར་གྱིས་དུས་རབས་7ཡས་མར་བཏབ་གནང་བ་ནས་བླ་རབས་དུ་མའི་མཚམས་སྨོན་རྒྱལ་བཙུན་མཆོག་རིང་མོས་དུས་རབས་11ནང་གྲྭ་ས་དབུས་གཙང་བྱོན་པའི་སྲོལ་གཏོད།  སྟོད་ཀྱི་བྲུ་ཞུ་སྤ་གཤེན་གྱི་བླ་མ་སྤྱི་དང་ཁྱད་པར་རྨེའུ་ཚང་གི་གྲྭ་སར་ཞུགས་ཏེ། མཁས་པ་དཔལ་ཆེན་དང་དགོངས་མཛོད་འདུལ་བ་རིན་པོ་ཆེ་གཉིས་ཀྱི་ཐུགས་སྲས་ཀྱི་ཐུ་བོ་མཛད་ནས་ལུང་རྟོགས་ཀྱི་བསྟན་པ་སྤེལ་ཞིང་མཁས་བཙུན་བཟང་གསུམ་གྱི་སྙན་པ་དུས་རིང་མོའི་བར་དུ་བསྒྲོགས་པའི་ན།  སྨོན་རྒྱལ་བཙུན་མཆོག་རིང་མོ་སྟེ།  གཙང་གི་སྙེ་མོ་རུ་དཔལ་ལྡན་བཟང་པོ་རིའི་དགོན་སྡེ་བཏབ་ནས་བླ་མ་སུམ་པ་དང་མཁས་པ་རྨེའུ་ཚང་ལ་ཕུལ།  དེ་ནས་སླར་ཕེབས་ནས་མདོ་ཁམས་སྟོད་སྨད་བར་གསུམ་དུ་ཤར་རྒྱལ་རོང་གྱ་ཕུར་དགོན་ཆེན་ཡན་ཆད་དགོན་སྡེ་བརྒྱ་དང་རྩ་བརྒྱད་བཏབ་ནས་གདན་ས་ཆེན་པོ་གཡུང་དྲུང་གླིང་གི་བསྟན་པ་དར་རྒྱས་མཛད་པ་སོགས་བརྗོད་ཀྱིས་མི་ལང་། དེའི་གྲས་རོང་ཚ་རུ་བཀྲ་ཤིས་བོན་དགོན་ལ་དེང་སང་དགོན་ཞབས་ཞེས་བརྗོད་ལྷ་ཁང་ཆུང་ངུ་ཞིག་འདུག་ཀྱང་བདག་བྱེད་མཁན་སོགས་ལེགས་པོ་ཞིག་མི་འདུག དུས་རབས་བཅུ་གཉིས་ནང་སྙན་རྒྱུད་མཛོད་འཛིན་སྨོན་རྒྱལ་དམ་པ་རང་གྲོལ་དང་སྨོན་རྒྱལ་དམ་པ་རྒྱ་ཞིག་སོགས་བསྟན་འགྲོའི་དོན་ནུས་པའི་སྐྱེས་ཆེན་བླ་མ་དམ་པ་ཤ་སྟག་སྨོན་རྒྱལ་གདུང་ལས་བྱོན་པའོ།  །རང་གྲོལ་གྱི་སློབ་མ་གྲུབ་ཐོབ་ཤར་པ་རྣལ་འབྱོར་གྱིས་རི་ཁྲོད་ཡོད་བཅུ་དགོན་ཞེས་ཕྱག་བཏབ་པའི་བྱིན་རླབས་གོང་མའི་གདན་ས་ད་ལྷའང་སྒྲུབ་ཕུག་མ་ཉམས་པར་མཇལ་རྒྱུ་ཡོད།  དགོན་འདིར་ཕྱིས་དུས་རབས17ནང་ཚུན་དུས་དབང་སོགས་རྐྱེན་པས་ཉམས་རྒུད་ཆེན་པོ་གསུམ་བྱུང་རེད།  དང་པོ་ཧོར་ཆོས་རྗེ་ངག་དབང་ཕུན་ཚོགས་སྐབས་སོག་དམག་སོགས་རྐྱེན་དུ་མས་བསྒྱུར་བཅོས་བསྣུབ་གསུམ་གྱིས་དབྲ་ལྕང་སྨོན་གྱི་བསྟན་པ་ཉག་ཕྲ་བའི་དབང་དུ་བཏང་བ་མ་ཟད་དབྲ་ལྕང་གཉིས་སྟོངས་སོང་བས་དེང་སང་དགོན་ཤུལ་མིང་ཤུལ་ཙམ་མ་གཏོགས་མེད་པར་རེད།  ཁྱད་པར་དུ་དུས་རབས་17འཇུག་ཏུ་བསྟན་འགྲོའི་མགོན་མཆོག་ཆེན་པོ7རྒྱལ་དབང་ཀུན་གྲོལ་གྲགས་པ་འཇའ་ཚོན་སྙིང་པོ(1700-1766)ཞེས་ས་གསུམ་ན་འགྲན་ཟླ་མ་མཆིས་པ་དེས་སྨོན་རྒྱལ་རྩ་བའི་དགོན་སྡེ་ལྔ་དང་རྫ་སྟེང་ཆེན་དགོན་རྒྱལ་རོང་གཡུང་དྲུང་ལྷ་སྟེང་སོགས་ཆོས་འཁོར་ཉམས་པ་ཀུན་གསོས་ཤིང་གསར་བསྐྲུན་དང་རིས་མེད་ཀྱི་སློབ་ཚོགས་སྐྱོང་ཞིང་བསྟན་འགྲོ་ཡོངས་ལ་དཔལ་མགོན་གྱུར་བ་རྣམ་ཐར་ལ་གཟིགས་དང་གསལ།   མཁའ་འགྲོའི་ལུང་བཞིན་1738དེ་རང་ལོ་སོ་དགུ་ནས་རྫ་སྨོན་རྒྱལ་དགོན་དུ་བཞུགས་ཤིང་སྐུ་དབོན་རྣམ་གཉིས་ཀྱིས་གཡུང་གླིང་བསྟན་པ་སྐྱོང་པས་དབོན་ཆུང་སངས་རྒྱས་རིན་ཆེན་དཔལ་བཟང་ཡང་སྲིད་སྤྲུལ་སྐུ་རིམ་པར་ཕེབས་ཤིང་སྨོན་རྒྱལ་གདུང་ལས་བྱོན་པ་དག་གིས་མཁན་པོ་གནང་དགོས་པའོ།  གཉིས་པ་དུས་རབས་19ནང་ཉག་མགོན་པོ་རྣམ་རྒྱལ་དུས་དགོན་པ་དང་བཀའ་རྟེན་འགྱུར་སོགས་རྟེན་གསུམ་གྲངས་མེད་མེར་བསྲེགས་བཏང་བས་གཏོར་བརླགས་ཚབས་ཆེན་བྱུང་བ་རེད།  ཀུན་གྲོལ་སྐུ་ཕྲེང་བཞི་པ་བསྟན་འཛིན་ཚུལ་ཁྲིམས་གྲགས་པས་ཉམས་པ་སླར་གསོ་བྱས་པ་སོགས་བཀའ་དྲིན་ཤིན་ཏུ་ཆེའོ།  གསུམ་པ་དུས་རབས་20ནང་1966རིག་གསར་སྐབས་སྤྱི་ཁྱབ་དུས་ཀྱི་འཕོ་འགྱུར་རྒྱ་ཆེ་ཉམས་རྒུད་ལ་1984ལོར་རྫོང་སྲིད་ནས་ཆོས་སྒོ་ཕྱེས་ཏེ་རྒྱལ་ཁབ་ཀྱིས་དགོན་པ་ཉམས་ཉེས་གྱུང་ཚབ་སྒོར12700ཙམ་གནང་།  སླར་2001ལོ་ནས་ཨ་ཁོད་ཚེ་དབང་དངོས་གྲུབ་ཀྱིས་ལྷག་བསམ་དཀར་པོས་ནུས་ཤུགས་གང་ཡོད་ཀྱིས་དམངས་སྒོར་ཁྲི་ཉེར་ལྔ་ལྷག་གིས་ཉམས་གསོ་བྱས་ཡོད།  ང་དགུ་ལོའི་སྔོན་སྤྲུལ་སྐུ་གཅིག་དང་མཁན་པོ་གཅིག་བསྟན་པའི་བདག་པོ་མཛད་ཅིང་གྲྭ་བཞི་བཅུ་ཙམ་བཞུགས།  དེང་གྲྭ་བཅོ་ལྔ་དང་ཕྲན་རང་གིས་བསྟན་འགྲོར་སྲི་ཞུ་སྒྲུབ་མུས་སུ་མཆིས།  ལོ་དུས་ཀྱི་སྒྲུབ་མཆོད་སྐོར་ལ།  ཧོར་ཟླ་དང་པོའི་ཚེས་1་ནས་7ཉིན་རིང་དགེ་བཤེས་ནང་སོའི་ལུགས་ལྟར་སྒྲིབ་སྦྱང་ཨ་དཀར་བུམ་སྒྲུབ་དང་ཡང་ཉིན7རིང་སིདྡྷི་བུམ་སྒྲུབ།   ཧོར་ཟླ་ཚེས11ནས་ཞི་ཁྲོ་དགོངས་འདུས་ཉིན་གསུམ།   ཚེས་15ཉིན་གསུར་ཆུ་གཏོར་དང་ཉ་རྒྱས་ལུང་གདོང་མན་དང་གོ་ལམ་ཆུ་མདའ་ཡན་གྱི་ཉ་མོ་བསད་མི་ཆོག་པའི་ཇ་ཚིག་བགོ།  ཧོར་ཟླ་12ཚེས་15ནས་གནས་བརྟན་ཆོ་ག ཞི་ཁྲོ སྟག་ལ་ལྷ་མོའི་སྒྲུབ་ཆེན་བཅས་མཛད་ནས་དགུ་གཏོར།  གནམ་སྟོང་ལ་གསུང་རབ་ཞལ་ཕྱེ་སོགས་སྔོན་བྱོན་གྲུབ་ཆེན་གོང་མས་ཞལ་བཀོད་འཁྲུལ་མེད་མཚམས་སྦྱོར་མདོར་བསྡུས་ཙམ་2010ལོར་ཚེ་མིང་པས་བྱས་པས་ཐ་ཚན་མུ་ཙུག་སྨར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1