༄༅།། གཙང་གསུམ་འབྱུང་ཡུལ་གྱི“སྙན་ངག་དང་རྒྱང་རིང”གི་ལྐོག་གྱུར་འཚོལ་བ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 07-08


        གངས་རི་དང་འཁྱགས་ཀློང་མུ་ནས་མུ་རུ་འབྲེལ་ཞིང་རི་དྭགས་སྣ་ཚོགས་བག་ཡངས་ཀྱིས་རྒྱུ་བ། སྔོ་བསངས་བསངས་ཀྱི་མཚེའུ་གང་སར་ཁྱབ་པ་སོགས། ཏང་དང་རྒྱལ་ཁབ་ཀྱིས་སེམས་ཁུར་རྒྱབ་སྐྱོར་དང་མཚོ་སྔོན་གྱི་ལས་བྱེད་པ་དང་མང་ཚོགས་རྣམས་ཀྱིས་འབད་བརྩོན་ལྷོད་མེད་བྱས་པའི་དབང་གིས་ད་ལྟའི“གཙང་གསུམ་འབྱུང་ཡུལ”དུ་མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་རྣམ་པ་མངོན་ཡོད་པས། མི་མང་པོ་ཞིག་གི་སེམས་ནང་གི“སྙན་ངག་དང་རྒྱང་རིང”དུ་གྱུར་ཡོད།

        “ནོར་གནག་གི་ཞིང་ཁམས”དང“གླུ་གར་གྱི་ཕ་ས”རུ་འབོད་པའི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནི་རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་རང་སྐྱོང་ཁུལ30ཡི་ཁྲོད་ནས་མི་རིགས་གཙོ་བོའི་བསྡུར་ཚད་ཆེས་མཐོ་ཞིང་མཚོ་ངོས་ལས་ཆེས་མཐོ་བ། མི་རེས་ཆ་སྙོམས་སུ་བཟུང་བའི་ས་རྒྱ་ཆེས་ཆེ་བ། སྐྱེ་ཁམས་གནས་ཡུལ་ཆེས་གཙོ་བོ་ཡིན་པའི་རང་སྐྱོང་ཁུལ་ཞིག་ཡིན།

        ཡུས་ཧྲུའུ་ཁུལ་གྱིས་རྫོང་མཐུག་པའི་ལོ་རྒྱུས་རིག་གནས་དང་ཐུན་མོང་མ་ཡིན་པའི་རང་བྱུང་ཁོར་ཡུག་གི་ཐོན་ཁུངས་བསྣོལ་བ་ལས་གྲུབ་པའི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་ལེགས་ཆར་བརྟེན་ནས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་བསྐྲུན་པ་འཛིན་ལུང་དུ་བརྩིས་པ་དང་། སྲིད་གཞུང་གི་སྣེ་ཁྲིད་དང་འཆར་འགོད་སྣེ་འདྲེན་གྱི་ནུས་པ་འབུར་དུ་དོད་དེ་ཡུལ་ཁོངས་ཡོངས་ཀྱི་ཡུལ་སྐོར་ཐོན་ལས་མཆོང་བརྒལ་འཕེལ་རྒྱས་འབྱུང་བའི“རགས་བཀོད”ལེགས་པར་བྲིས་ནས། གངས་ལྗོངས་མཐོ་སྒང་སྟེང་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་མཛེས་སྡུག་རི་མོ་ཞིག་བྲིས་དང་འབྲི་བཞིན་ཡོད།


 སྟེང་གི་བཀོད་པ་ཁོང་དུ་ཆུད་ནས་ཡུས་ཧྲུའུ་རིག་གནས་ཡུལ་སྐོར་ལ་རྨང་གཞི་འདིང་བ།

        ཡུས་ཧྲུའུ་ཁུལ་གྱིས་རྒྱལ་སྤྱི་དང་རྒྱལ་ནང་གི་དར་རྒྱས་ཆེ་བའི་ཞིང་ཆེན་གྱི་སྔོན་ཐོན་ཉམས་མྱོང་དཔྱད་གཞིར་བཟུང་སྟེ། རྒྱལ་སྤྱིའི་མིག་རྒྱ་དང་སྐྱེ་ཁམས་མིག་རྒྱ། རིག་གནས་མིག་རྒྱ་བཅས་ཀྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གྱི་ཚད་གཞི་མ་ལག་འཐུས་ཚང་དུ་བཙུགས་པ་དང་། ཚད་གཞི་ཡིས་རྒྱུ་སྤུས་ལ་ཡར་སྐུལ་བྱེད་པ་དང་ཚད་གཞི་ཡིས་མཐོར་འདེགས་ལ་ཡར་སྐུལ་བྱས་ནས། ཁུལ་ཡོངས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་བསྐྲུན་པའི་ཐོག་མའི་འདེམས་ཡུལ་དུ་འཛུགས་སྐྲུན་བྱེད་པར“ཡུས་ཧྲུའུ་ཇུས་གཞི”འདོན་སྤྲོད་བྱས།

        “2025ལོར་སླེབས་དུས། ཡུལ་སྐོར་སྣེ་ལེན་མི་གྲངས་དང་ཡུལ་སྐོར་ཡོང་སྒོ་ལོ་རེར20%རེ་འཕར་བ་མངོན་འགྱུར་བྱེད་རྒྱུ་དང་། ཞབས་ཞུ་ལས་རིགས་ཀྱི་འགྱེད་འཕྲོ་སྣེ་ཁྲིད་ནུས་པ་མངོན་གསལ་གྱིས་ཇེ་དྲག་ཏུ་གཏོང་བ། མང་ཚོགས་ལས་ཞུགས་ཡོང་འཕར་གྱི་ཐབས་ལམ་གཙོ་བོ་དང་རྒྱལ་དམངས་དཔལ་འབྱོར་གྱི་འཕར་སྣེ་གཙོ་བོར་སྣེ་ཁྲིད་བྱེད་པ། མཉམ་སྐྲུན་མཉམ་འདྲེས་མཉམ་རོལ་གསུམ་གྱི་རིག་གནས་ཡུལ་སྐོར་འཕེལ་སྟངས་གསར་པ་ཆགས་སུ་འཇུག་པ། རང་བྱུང་ཐོན་ཁུངས་དེ་མི་ཆོས་རིག་གནས་ལྟད་མོ་ཁུལ་དང་ཕན་ཚུན་ཁ་གསབ་དང་ཕན་ཚུན་བརྒྱན་པ་བཅས་ཀྱིས། སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་གསར་པ་ཁྱོན་ཡོངས་ནས་ཆགས་སུ་འཇུག་རྒྱུ་དང་། ཡུལ་སྐོར་སྣེ་ལེན་མི་ཐེངས་དང་སྤྱིའི་ཡོང་སྒོ་བསྟུད་མར་བརྟན་བརླིང་ངང་འཕར་དུ་འཇུག་པ། ཕྱི་རྒྱལ་ནས་ཐོན་པའི་ཡུལ་སྐོར་སྣེ་ལེན་མི་ཐེངས་ཀྱིས་ཟིན་པའི་བསྡུར་ཚད་མངོན་གསལ་གྱིས་ཇེ་མཐོར་གཏོང་བ། ཁུལ་ཡོངས་ཀྱི་སྐྱེ་ཁམས་ཡུལ་སྐོར་གྱི་ཚད་གཞི་ཕལ་ཆེར་འཐུས་ཚང་ཡིན་པ། སྐྱེ་ཁམས་ཡུལ་སྐོར་གྱི་མ་ལག་ཕལ་ཆེར་བཙུགས་ཡོད་པ། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་ཕལ་ཆེར་ཆགས་པ་བཅས་ཀྱི་སྐྱེ་ཁམས་ཡུལ་སྐོར་སྟོབས་ལྡན་ཁུལ་གྱི་དམིགས་འབེན་མངོན་འགྱུར་བྱེད་རྒྱུ།”

        2022ལོར་ཡུས་ཧྲུའུ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གཞུང་ལས་ཁང་གིས་བསྒྲགས་པའི་ཡིག་ཆ་དང་པོ《ཡུས་ཧྲུའུ་ཁུལ་གྱི་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་བསྐྲུན་པའི་ཐོག་མའི་འདེམས་ཡུལ་ལག་བསྟར་ཇུས་གཞི》ལ་བལྟས་ན། ཡུས་ཧྲུའུ་ཁུལ་གྱིས་སྟེང་གི་ཇུས་འགོད་ལེགས་པོར་བྱས་པའི་ཁར་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་མགྱོགས་པོར་བསྐྲུན་པའི་ཆོད་སེམས་ཡོད་ཅིང་འགུལ་སྐྱོད་བྱེད་བཞིན་པ་ཤེས་ཐུབ།

        “མགོ་ཚུགས་ས་མཐོན་པོ་ནས་འཆར་འགོད་བྱེད་པ་དང་ཆུ་ཚད་མཐོན་པོ་ནས་འཛུགས་སྐྲུན་བྱེད་པ། ཚད་གཞི་མཐོན་པོ་ནས་དོ་དམ་བྱེད་པ”བཅས་ཀྱི་འཛུགས་སྐྲུན་བླང་བྱ་བརྩི་སྲུང་བྱས་ཏེ། “མཛེས་ལྗོངས་བསྐྲུན་པ་དང་མཛེས་ལྗོངས་མང་པོ་གཅིག་ཏུ་སྦྲེལ་བ། མཛེས་ལྗོངས་ཀྱི་ཡུལ་ཁོངས་ཆགས་པ”དང“གནས་ཐམས་ཅད་ལྟད་མོའི་གནས་ཡིན་པ་དང་དུས་གང་ལའང་ཡུལ་སྐོར་བྱས་ཆོག་པ”ཡི་རིག་ལམ་ལྟར་གྲོང་ཁྱེར་དང་རྫོང་སོ་སོའི《ཡུལ་ཁོངས་ཡོངས་ཀྱི་ཡུལ་སྐོར་སྤྱིའི་འཆར་འགོད》བསྐྱར་དུ་བཟོ་བཅོས་བྱས་པ་དང་། ཁྱད་ལྡན་གྲོང་རྡལ་ཆུང་བ་འཛུགས་སྐྲུན་བྱེད་པའི་འཆར་འགོད་འཐུས་ཚང་དུ་བཏང་།

    རིག་གནས་དང་ཡུལ་སྐོར་ཐོན་ལས་ཡུས་ཧྲུའུ་ཡི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཐོན་ལས་གཙོ་བོར་གསོ་སྐྱོང་བྱས་ཏེ།རིག་གནས་དང་ཡུལ་སྐོར་ཐོན་ལས་མང་ཚོགས་ཀྱི་ཡོང་སྒོ་འཕར་བའི“ཐབས་མཆོག་གསར་པ”རུ་འགྱུར་དུ་འཇུག་དགོས། འབྲི་ཆུའི་འགྲམ་རྒྱུད་ཀྱི་གནའ་བོའི་རྗེས་ཤུལ་དང་གནའ་བོའི་བཟོ་བཀོད། གནའ་བོའི་བང་སོ། གནའ་བོའི་བྲག་རིས་སོགས་ཀྱི་རིག་དངོས་ཐོན་ཁུངས་མཛེས་སྤྲས་དང་བེད་སྤྱོད་བྱས་ཏེ། འཛམ་གླིང་རིག་གནས་ཤུལ་བཞག་ཏུ་ཡར་ཞུ་བྱེད་པའི་བྱ་བ་ལས་མགོ་བརྩམས། 《ཡུས་ཧྲུའུ་ཁུལ་གྱི“ལྔ་བཅུ་བཞི”འགྲིམ་འགྲུལ་འཆར་འགོད》སྤུས་ཚད་མཐོན་པོའི་སྒོ་ནས་བསྒྲིགས་ཤིང་བཏོན་ཏེ།ཡུལ་སྐོར་འཕེལ་རྒྱས་ལ་འགྲིམ་འགྲུལ་གྱི་འགན་སྲུང་ལེགས་པོ་བྱས། 《ཡུས་ཧྲུའུ་ཁུལ་གྱི་གནའ་བོའི་སྡེ་བ་སྲུང་སྐྱོབ་དང་བེད་སྤྱོད་བྱེད་པའི་སྤྱིའི་འཆར་འགོད》དང《ཡུས་ཧྲུའུ་ཁུལ་གྱི་རྒྱལ་ཁབ་རིམ་པའི་རིག་དངོས་སྲུང་སྐྱོབ་དང་བེད་སྤྱོད་བྱེད་པའི་དཔེ་སྟོན་ས་ཁུལ་གསར་སྐྲུན་བྱེད་པའི་འཆར་འགོད》བསྒྲིགས་ནས། གནའ་བོའི་སྡེ་བ་དང་རིག་དངོས་ཐོན་ཁུངས་ལ་རེ་བ་ཡོད་པ་དང་སྐྱེ་སྟོབས་འབར་བ། འཚོ་སྟོབས་རྒྱས་པར་བྱས།


 སྤུས་མཚག་མཐོར་འདེགས་བྱས་ཏེ་ཡུས་ཧྲུའུ་ཡི་རིག་གནས་དང་ཡུལ་སྐོར་གྱི་མཛེས་པ་ངོམ་པ།

        ཟླ་བཞི་པར། གནམ་སྔོན་པོ་དང་སྤྲིན་དཀར་པོའི་འོག་ཏུ། དཔལ་ཐང་རྩྭ་ཐང་དུ་ནོར་གནག་ཁྱུ་དང་ཁྱུ་བྱས་ཏེ་རྒྱུ་བ་དང་། དཔལ་ཐང་ཆུ་བོ་ཁོད་ཡངས་པའི་རྩྭ་ཐང་གི་དཀྱིལ་དུ་བཞུར་བ་དེ་ནི་ཁ་བཏགས་དཀར་པོ་ཞིག་གིས་རྒྱང་རིང་གི་མགྲོན་པོར་བསུ་མ་བྱེད་པ་དང་མཚུངས།

        སྐྱེ་ཁམས་ནི་ཡུས་ཧྲུའུ་ཡི་རང་མདངས་ཡིན་ལ། ཡུས་ཧྲུའུ་ཡི་ཚོང་རྟགས་གྲགས་ཅན་དེའང་ཡིན། སྐྱེ་ཁམས་ཐོན་ཁུངས་འབུར་དུ་དོད་དེ་ཡུལ་ཁོངས་ཀྱི་ཁྱད་ཆོས་ལ་དོ་སྣང་དང་སྲོལ་རྒྱུན་གྱི་རིག་གནས་རྒྱུན་འཛིན། དུས་རབས་ཀྱི་སྲོལ་གསར་དར་སྤེལ། རིག་གནས་དང་ཡུལ་སྐོར་གྱི་མཉམ་འདྲེས་བྱ་བ་གཅིག་འདོམས་ཀྱིས་ལེགས་པོར་སྒྲུབ་པ་བཅས་ནི་ཡུས་ཧྲུའུ་ཡི་ཡུལ་ཁོངས་ཡོངས་དང་ཤེས་རིག་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གཙོ་བོ་རེད།

        ད་ལྟ་ཡུས་ཧྲུའུ་ཡི་སྙན་གྲགས་ཀྱིས་བཀུག་པའི་ཡུལ་སྐོར་པ་ཇེ་མང་ནས་ཇེ་མང་དུ་ཕྱིན་ཡོད། ཡུས་ཧྲུའུ་མི་དམངས་ཀྱིས་ཐོག་མཐའ་བར་གསུམ་དུ“ལྗང་མདོག་ལ་བརྟེན་ནས་རྒྱལ་ཁབ་ཀྱི་དྲིན་ཚོར་བ། སྐྱེ་ཁམས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་དྲིན་འཇལ་བ”ཡི་འདུ་ཤེས་སེམས་སུ་བརྟན་པོར་འཆང་བ་དང་། རི་མགོར་བསྐྱོད་པ་དང་སྐྱེ་ཁམས་ཉམས་ལེན། ཁོར་ཡུག་སློབ་གསོ། ཚན་རིག་འཚོལ་སྙེག ལུས་རྩལ་འགྲན་སྡུར། དམངས་སྲོལ་ཡུལ་སྲོལ། རྩྭ་ཐང་ལྟད་མོའི་སྤྲོ་གསེང་བཅས་བརྗོད་དོན་ཡིན་པའི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་དང་རིག་གནས་ཀྱི་ཡུལ་སྐོར་ཐོན་རྫས་སྣ་ཚོགས་འོས་སྦྱོར་བྱས་ཏེ་ཡུལ་སྐོར་པའི་ཉམས་ལེན་ཚོར་བ་མཐོར་འདེགས་བྱས།

        དེ་ལས་གཞན། “ཨ་ཆེན་གངས་རྒྱབ”དང“གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང”གི་ཚོང་རྟགས་གྲགས་ཅན་གྱི་ཕན་འབྲས་གཅིག་བསྡུས་བྱས་ཏེ། ཡུས་ཧྲུའུ་ཁུལ་གྱིས“ཤམ་བྷ་ལའི་ཡུལ་སྐོར་མུ་རྒྱུད་ཆེན་པོ”དང“ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་ས་རྒྱུད།”“པེ་ཅིན་དང་ནུབ་རྒྱུད་ས་ཁུལ་གྱི་ཡུལ་སྐོར་ས་རྒྱུད”བཅས་དང་རང་འགུལ་སྒོས་འདྲེས་སུ་བཅུག་སྟེ། རྫ་ཆུ་དང་མེ་ཀོང་ཆུ་བོའི་བཞུར་རྒྱུད་འགྲམ་གྱི་རྒྱལ་ཁབ་དང་བོད་ལྗོངས། སི་ཁྲོན། ཀན་སུའུ་སོགས་ཀྱི་ཡུལ་སྐོར་ལམ་ཐིག་དང་རིག་གནས་ཡུལ་སྐོར་བྱེད་སྒོ་མཉམ་སྦྲེལ་ཇུས་འགོད་བྱེད་པར་ཤུགས་སྣོན་བྱས་ཏེ། ཡུལ་ཁོངས་ཆེན་མོ་དང་བཞུར་རྒྱུད་ཆེན་མོའི་ཡུལ་སྐོར་རིག་གནས་ཀྱི་ཉོ་འཚོང་མཉམ་སྒུལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད།

        དེའི་སྐབས་སུ།“ཚད་ལྡན་ཅན་གྱི་དོ་དམ་དང་ཁྱད་པར་ཅན་གྱི་ཞབས་ཞུ་སྤེལ་ནས་སྤུས་མཚག་མཐོར་འདེགས་ལ་ཡར་སྐུལ་བྱེད་པ”ཞེས་པ་བརྗོད་དོན་ཡིན་པའི“སྤུས་མཚག་མཐོར་འདེགས་ལོ”ཡི་བྱ་འགུལ་ཧུར་བརྩོན་གྱིས་སྤེལ་ནས། བཟའ་བཏུང་དང་རྩེད་འཇོ། ཉོ་སྒྲུབ་སྣེ་ཤན་བཅས་ཀྱི་ལས་གནས་ནུས་རྩལ་གསོ་སྦྱོང་ལ་ཤུགས་སྣོན་བྱེད་པ་དང་། ཁེ་ལས་ཕན་ཚུན་ལ་ཞིབ་བཤེར་བྱེད་པའི་སྟེགས་བུ་བསྐྲུན་ཏེ། སེམས་བསམ་པས་ཞབས་འདེགས་ཞུ་བ་དང་འཛུམ་གྱིས་ཞབས་འདེགས་ཞུ་བ། མི་གཤིས་ཅན་དུ་ཞབས་འདེགས་ཞུ་བ་འདོན་སྤེལ་བྱེད་རྒྱུ་རེད། རིག་གནས་ཡུལ་སྐོར་ཁེ་ལས་ཀྱི་རྒྱུ་སྤུས་སྤྱི་བསྒྲགས་བྱེད་པའི་ལམ་ལུགས་རིམ་བཞིན་བཙུགས་ཏེ། ཡིད་རྟོན་ཚོང་གཉེར་དང་གཞུང་དྲང་ཞབས་འདེགས་འདོན་སྤེལ་བྱེད་པ་དང་ཞབས་ཞུ་སྤུས་མཚག་ཇེ་མཐོར་གཏོང་རྒྱུ་རེད།

        ང་ཚོས་དེང་སྐབས་ཀྱི་མཐོ་སྒང་ས་གཞི་དང་གཙང་བོའི་འབྱུང་ཡུལ་དུ་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་པ་མཐོང་ཐུབ་པས། སྐྱེ་ཁམས་ཀྱི་མཛེས་པའི་རི་མོ་རིམ་བཞིན་བཀྲམ་ན། མི་དམངས་ཀྱི“སྙན་ངག་དང་རྒྱང་རིང”གི་རེ་སྨོན་སྟོང་ཟད་དུ་མི་འགྲོ་བ་ཁོ་ཐག་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1