ལྷ་ས། ས་དམར་གྲགས་པ།
ཁ་སང་བརྡ་ཁྱབ་དག་ལ་མཉན་མཉན་ནས། །
མགོ་ཡི་སྐྲ་ལོ་སྐྱེས་པའི་སྨན་ཞིག་ཉོས། །
གཅིག་ལ་དགོས་པ་གཅིག་གིས་མི་ཤེས་པས། །
རོ་ཤུན་སྟོང་པ་འདི་ལ་མཚར་སྣང་སྐྱེས། །
ལྷམ་གྱི་མཐིལ་དུ་འཛུལ་བའི་ས་རྡུལ་འདི། །
རིང་རྒྱུ་ཐུང་རྒྱུ་མེད་པའི་ལམ་དང་འདྲ། །
འགྲོ་འདུན་འགོག་ཐབས་བྲལ་བའི་དམིགས་པ་འདི། །
ཇི་ལྟར་བསམ་ན་མེ་ཡི་དུ་བ་འདྲ། །
ཉིན་ལྟར་ང་རང་ལམ་གྱི་འདབས་ན་ཡོད། །
ཁོམ་པའི་དུས་ཚོད་རྡོ་རུ་གྱུར་པ་མཐོང་། །
ཁ་བའི་གསེང་གི་ནམ་མཁའི་སྐར་མ་ཞིག།
རྐང་རྗེས་ཤིག་ལས་མགོ་བོ་དགྱེ་ཙམ་བྱེད། །
སུ་ཡི་ལྕེ་རྩེ་འཛིན་རྒྱུ་མེད་པ་ལྟར། །
རིག་རིག་མཐའ་དག་གཞན་ལ་བཤད་དགོས་པའི། །
དུས་ཚོད་བརྒྱད་དང་སྐར་མ་བཅུ་པ་རུ། །
འཛམ་གླིང་སྐོར་བའི་ཡི་གེ་རེ་གཉིས་འགྲོ། །
གསར་འགྱུར་ཁང་ནས་ཤོར་བའི་ཁ་འགའ་ཡིས། །
མེ་ཏོག་སྣ་ཚོགས་མེ་ཡིས་བྲིས་འདུག་ཅེས། །
གསལ་པོ་རྣ་ལ་བླུགས་པའི་དྲན་པ་ཡིས། །
གྲོང་ཁྱེར་གང་དེའི་སེམས་ཀྱི་སྡུག་བསྔལ་བསྒྲོན། །
སྨན་པ་མང་པོས་དགོས་པའི་འདོད་པ་ལྟར། །
རེ་རེ་བཞིན་དུ་གསལ་པོ་བཤད་ལུགས་ཀྱིས། །
མཆུ་སྣེར་ཐོགས་པའི་ལྕགས་ཀྱི་ལག་པ་དེས། །
ང་ཡི་སྙིང་ལ་གས་ཁ་རེ་གཉིས་བྲིས། །
ཉིན་ཞག་རེ་འགའ་ཕར་ལ་སོང་བ་ཡིས། །
དགའ་སྡུག་གཉིས་ཀ་ལམ་གྱི་འགྲམ་ཞིག་ན། །
མཉམ་དུ་བསྡད་ནས་ཚིག་གི་དོང་ནང་དུ། །
ཤི་གསོན་ཀུན་གྱི་ཟས་གོས་སྡུད་བཞིན་འདུག།
སྙིགས་ཟོམ་ཞིག་ཏུ་ཤེལ་དམ་སྟོང་པ་འགའ། །
དགོད་ཁ་ཤོར་ནས་ཕྱི་ལ་བལྟས་འདུག་པས། །
ཁོག་པའི་ནང་གི་རྒྱུ་མའི་ན་ཟུག་འདི། །
འདི་ལས་རྙེད་པ་གསལ་ཁ་ཅུང་ཙམ་ཐོབ། །
འདི་ལྟར་རང་གཞན་གང་གི་བདེ་བའི་རྒྱུད། །
གང་ནས་ཐུབ་ཀྱང་གང་ནས་ཤོར་བ་ཡང་། །
བསམ་དབང་དྲན་དབང་མེད་པར་དུས་ཚོད་བཞིན། །
འཁོར་ནས་རང་མགོར་བབས་པ་ཚོར་བས་སྐྱིད། །
ད་ནི་གང་ལ་བལྟས་ན་དེ་སྐྱིད་པའི། །
སྣང་བ་དེ་ཡང་ཅུང་ཙམ་འགྱུར་འདུག་པས། །
ཁ་རོག་སེམས་ལ་བརྒྱུས་པའི་ལམ་སྣེ་དེར། །
བལྟས་པ་ཙམ་གྱིས་ང་རང་འགྱུར་ནས་འདུག།
ད་ལྟ་ང་རང་ལམ་གྱི་དཀྱིལ་ན་ཡོད། །
གཡས་དང་གཡོན་ལ་བལྟ་བའི་མིག་མི་འདུག།
རུས་པའི་ནང་གི་ཉི་འོད་ཕྲ་མོ་ཞིག།
དགེ་བའི་དོད་དུ་རང་གིས་རང་ལ་བསྟན། །
དེ་ནས་མགྱོགས་པོར་ལམ་གྱི་སྣེ་ལ་སོང་། །
སེམས་པ་འདྲེད་བརྡབ་ཤོར་བར་སྐྲག་སྣང་གིས། །
ཤི་རྒྱུ་དྲན་པའི་སྣང་བ་ཟ་ཟི་ཡིས། །
ང་རྒྱལ་ཆེ་བའི་ཁ་ལ་ཧད་དེ་ལུས། །
ཕྲེང་བས་ངན་སོང་འགོག་པའི་ཨ་མ་དང་། །
སེན་མོས་ཤི་གསོན་མཇལ་བའི་ནད་པ་སོགས། །
སེམས་ཀྱིས་ངོས་སུ་རེ་རེ་འབྱོ་བ་ཡིས། །
ཁ་པར་ནང་གི་འཇིག་རྟེན་ང་ལ་སྐྲག།
ད་ནི་མི་རྣམས་གཅིག་ལས་གཅིག་གིས་མགྱོགས། །
ཟླ་བའི་སྟེང་ལ་འཁོར་བའི་འདོད་པ་སྤོར། །
ཉི་མའི་འོད་ཀྱིས་བསགས་པའི་མཚན་མོ་འདིར། །
ཁྱོད་ཀྱང་མགྱོགས་པོར་སོངས་ཤིག་ང་མ་སྒུགས། །
འོ་མ་ཧུབ་གང་ལྷ་སྒྲུང་ནང་དུ་མཆོད། །
སངས་རྒྱས་ལས་ཀྱང་དེ་ལ་དགའ་བ་ཡིས། །
སྲིད་པའི་ཆོས་ལ་སྤྲུལ་བ་སྣ་ཚོགས་པས། །
བརྒྱན་པ་འདི་ཡང་མི་ཡི་རང་བཞིན་ནོ། །
མེ་ལོང་ངོས་སུ་ཉི་འོད་ཉུང་ཙམ་ཞིག།
དེ་ཡི་ནང་ནས་རང་ལ་ལམ་ཞིག་བྲིས། །
ལམ་དེའི་མཐའ་ལ་ཁང་པ་སྟོང་པ་ཞིག །
དགོས་པའི་དབང་གིས་རང་གིས་རང་ལ་བྲིས། །
ད་ནི་མི་སྡོད་འདི་ནས་འགྲོ་དགོས་འདུག།
ང་ཡི་ཕར་ན་ཅི་ཞིག་ཡོད་མེད་དང་། །
གང་ཞིག་བདེན་མིན་སེམས་ཀྱིས་མ་ཚོར་བར། །
མཚོ་ལ་ཡི་གེ་གདབ་རྒྱུར་འབད་དགོས་སོ། །