ལི་ཁེ་ཆང་གིས་ཧྥུའུ་ཅན་དུ་རྟོག་ཞིབ་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 07-13



● སྲིད་ཇུས་དོན་འཁྱོལ་བྱས་ཏེ་ཁྲོམ་རའི་བྱེད་པོ་བརྟན་དུ་གཏོང་བ་དང་སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་བཏང་སྟེ་གསོན་ཤུགས་འཕེལ་བར་བྱས་ནས་ལས་ཞུགས་བརྟན་པོ་དང་དམངས་འཚོར་འགན་ལེན་ཏན་ཏིག་བྱེད་དགོས།

        ཤིན་ཧྭ་གསར་འགྱུར་ཁང་ཧྥུའུ་ཀྲོའུ་ནས་ཟླ་7ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་7དང་8ཉིན། ཧྥུའུ་ཅན་ཞིང་ཨུད་ཀྱི་ཧྲུའུ་ཅི་དབྱིན་ལི་དང་ཧྲེང་ཀྲང་ཀྲའོ་ལུང་གི་ཕེབས་རོགས་འོག་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཧྥུའུ་ཀྲོའུ་དང་ཆོན་ཀྲོའུ་རུ་རྟོག་ཞིབ་གནང་བ་རེད། ཁོང་གིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་དོན་འཁྱོལ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལས་ཕྱོད་ཆེན་པོས་སྤྱི་འདོམས་དང་། དཔལ་འབྱོར་སྤྱི་ཡོངས་བརྟན་པོ་ཡོང་བར་བྱེད་པའི་སྲིད་ཇུས་ཁག་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་པ་དང་། འཕེལ་རྒྱས་ནི་རང་རྒྱལ་གྱི་གནད་དོན་མཐའ་དག་ཐག་གཅོད་བྱེད་པའི་རྨང་གཞི་དང་འགག་རྩ་ཡིན་པ་མཐའ་འཁྱོངས་ཀྱིས་སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་གཏོང་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་། ཁྲོམ་རའི་བྱེད་པོ་བརྟན་པོ་དང་། ལས་ཞུགས་བརྟན་པོ། དམངས་འཚོ་འགན་ལེན། དཔལ་འབྱོར་སླར་གསོ་ཡོང་བའི་རྨང་གཞི་བརྟན་དུ་གཏོང་བར་ཤུགས་རྒྱག་པ་བཅས་བྱས་ཏེ་དཔལ་འབྱོར་འཁོར་སྐྱོད་ལུགས་མཐུན་གྱི་བར་མཚམས་སུ་གནས་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པའི་ནན་བཤད་གནང་བ་རེད།

        ལི་ཁེ་ཆང་གིས་ཧྥུའུ་ཅན་ཞིང་ཆེན་གྱི་ལས་ཞུགས་བརྟན་གཏོང་སྐོར་གྱི་སྙན་སེང་གསན་ཞིང་། པོ་སི་ལས་གཏོད་གླིང་དུ་འགན་འཁུར་བས་དེ་གར་ཚན་རྩལ་རྣམ་པའི་ཁེ་ལས་ཁག་གཅིག་སྐྱེད་སྲིང་བྱས་པ་དང་མི་འབོར་ཆེན་ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བྱས་ཚུལ་ཞུས་རྗེས་ལི་ཁེ་ཆང་གིས་བསྔགས་བརྗོད་གནང་བ་རེད། ཁོང་གིས་ས་གནས་དེ་གའི་འགན་འཁུར་བར་ས་གནས་སྲིད་གཞུང་གིས་མ་དངུལ་བཏང་ནས་སྐྱོང་སྤེལ་ཁེ་ལས་ཀྱི་ས་ཆའི་བོགས་དངུལ་སོགས་ཀྱི་འགྲོ་གྲོན་དམའ་རུ་གཏོང་རོགས་བྱེད་དགོས་པའི་མངགས་བཅོལ་གནང་བ་རེད། ལི་ཁེ་ཆང་གིས་གསར་གཏོད་པ་དང་འདི་ལོ་སློབ་ཆེན་ཐོན་ནས་ལས་ཀར་ཞུགས་མ་ཐག་པའི་ལས་བཟོ་དང་གླེང་མོལ་གནང་ནས་ཁོང་ཚོར་དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པར་སྐུལ་འདེད་གཏོང་བ་ནི་མི་དེ་བས་མང་བ་དང་ལྷག་པར་དུ་ན་གཞོན་ཚོའི་ལས་གཏོད་གསར་གཏོད་ཀྱི་སྤྲོ་སེམས་འཕེལ་བར་བྱས་ཏེ་འབད་འཐབ་ལ་བརྟེན་ནས་མི་ཚེའི་རིན་ཐང་མངོན་འགྱུར་དང་རྒྱུ་ནོར་གཏོད་ཆེད་རེད། འབད་བརྩོན་བྱས་ཚེ་རྒྱལ་ཁ་ཐོབ་ངེས་རེད། ཚང་མར་ལེགས་གྲུབ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་ལྕག་སྐུལ་གནང་བ་རེད།

        ཨན་ཐཱ་ཚོགས་པར་རྟོག་ཞིབ་གནང་སྐབས། ལི་ཁེ་ཆང་གིས་ཁེ་ལས་ལ་རྩེར་སོན་ཁྲོམ་རར་འགྲན་རྩོད་བྱེད་ཕོད་པ་དང་འཛད་སྤྱོད་ཀྱི་གཏིང་ཤུགས་ཧ་ཅང་ཆེ་བའི་དམངས་བྱིངས་ཀྱི་ཁྲོམ་ར་རྒྱ་སྐྱེད་དུ་གཏོང་རྒྱུར་སྣང་ཆེན་བྱེད་དགོས་པའི་སྐུལ་ལྕག་གནང་ཞིང་། ཁོང་གིས་ཁྱེད་ཚོའི་ཀུང་སིའི“ཨན་ཐཱ”ཞེས་པའི་མིང་དང་འདྲ་བར་ཁེ་ལས་གཉེར་བ་དང་བྱ་བ་སྒྲུབ་པར་དངོས་ཐོག་བདེན་འཚོལ་དང་ཏན་ཏན་ཏིག་ཏིག་བྱེད་དགོས། དེ་ལྟར་བྱས་ཚེ་གཞི་ནས་བརྟན་བགྲོད་རྒྱང་འཁྱོལ་ཡོང་ཐུབ་ཅེས་གསུངས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1