ཉེ་ཆར། ཀྲུང་གོའི་གློག་བརྙན་འཁྲབ་ཁྲིད་སྒྲིག་འཛུགས་ཀྱིས་གསར་འགོད་ལྷན་ཚོགས་བསྡུས་ཏེ་2014ལོའི་གཟེངས་བསྟོད་བྱ་དགའི་འོས་མིང་ཁྱབ་བསྒྲགས་མཛད་ཅིང་། བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་པད་མ་ཚེ་བརྟན་དང་ཆགས་མེད་རིན་པོ་ཆེ་གཉིས་ཀྱི་གློག་བརྙན་ལོ་དེའི་གློག་བརྙན་རྩེ་གྲ་དང་འཁྲབ་ཁྲིད་པ་རྩེ་གྲ འཁྲབ་གཞུང་རྩེ་གྲ་སོགས་ཀྱི་འོས་མིང་ཁྲོད་ཚུད་པར་མ་ཟད། འཁྲབ་སྟོན་པ་རིན་ཆེན་དོན་འགྲུབ་དང་བསོད་ནམས་ཉི་མ། བདེ་སྐྱིད་བཅས་སོ་སོ་ལོ་དེའི་འཁྲབ་སྟོན་པ་རྩེ་གྲ་ཕོ་མོའི་འོས་མིང་ནང་བདམས་ཐོན་བྱུང་ཡོད། དེ་ཡང་ཀྲུང་གོའི་གློག་བརྙན་འཁྲབ་ཁྲིད་སྒྲིག་འཛུགས་ཀྱི་ལོ་རེའི་གཟེངས་བསྟོད་ཚོགས་འདུ་ནི་ཚོགས་པའི་རང་བཞིན་གྱི་འཁྲབ་ཁྲིད་པའི་དཔུང་སྡེ་རང་ནས་གློག་བརྙན་འོས་འདེམས་དང་དཔྱད་བསྡུར་འོག་གཟེངས་བསྟོད་རྟིང་སྐུལ་གནང་ས་ཞིག་ཡིན་པ་དང་། ད་ལོར་ཐོག་མའི་འགྲན་རྩོད་ནང་ཞུགས་པའི་གློག་བརྙན་100ལ་ཉེ་བ་ཡོད་པ་རེད། །