༄༅།། དམའ་འབྲིང་སློབ་མར་སྐད་ཡིག་སྦྱོང་ཚན་ཇུས་འགོད་བྱེད་ཚུལ།

ཚེ་བརྟན་དོན་གྲུབ། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 07-15



གཅན་ཚ་རྫོང་མི་རིགས་སློབ་འབྲིང་། ཚེ་བརྟན་དོན་གྲུབ། 

         སྦྱོང་ཚན་ཇུས་འགོད་ནི་སློབ་ཁང་སློབ་ཁྲིད་ཀྱི་ལྷུ་ཚིགས་གལ་ཆེན་ཞིག་ཡིན་ལ། སློབ་ཁྲིད་ཀྱི་སྤུས་ཚད་མཐོར་འདེགས་གཏོང་བའི་ཁག་ཐེག་ཀྱང་ཡིན། སློབ་མས་སྦྱོང་ཚན་ལ་ནན་ཏན་བྱས་ན་སྦྱངས་ཟིན་པའི་ཤེས་བྱ་སྲ་བརྟན་དུ་གཏོང་ཐུབ་ལ། ཤེས་བྱ་བཀོལ་སྤྱོད་དང་། བསམ་གཞིག་གཏོང་བ། ཉན་བཤད་འབྲི་ཀློག་བྱེད་པ་བཅས་ལའང་ཕན། ཡིན་ཡང་སྦྱོང་ཚན་བཀོད་སྒྲིག་དང་ཇུས་འགོད་ཡག་པོ་མ་ཡོང་ཚེ། སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་དང་བརྩོན་སེམས་ལ་གནོད་སྐྱོན་ཚབས་ཆེན་ཐེབས་པར་མ་ཟད། སློབ་མའི་རང་འགུལ་ངང་སློབ་སྦྱོང་བྱེད་པའི་གོམས་གཤིས་དང་སྐད་ཡིག་གི་བྱང་ཚད་མཐོར་འདེགས་གཏོང་བར་ཡང་གནོད་པ་ཐེབས་སྲིད། དུས་མཚུངས་སུ་སློབ་མའི་རང་གཤིས་ཀྱི་འཕེལ་རྒྱས་ལའང་ཚོད་འཛིན་ཐེབས་ངེས་རེད།

        དེར་བརྟེན། ང་ཚོས་ངེས་པར་དུ་སློབ་ཚན་གསར་པའི་བཅོས་བསྒྱུར་གྱི་བླང་བྱ་གཞིར་བཟུང་ནས་ཡང་བསྐྱར་ཕྱོགས་ཡོངས་ནས་སྦྱོང་ཚན་གྱི་དོན་སྙིང་ལ་ངོས་འཛིན་དང་། སློབ་མའི་རང་གཤིས་ལ་བརྩི་འཇོག་བྱས་ཏེ། སྦྱོང་ཚན་བཀོད་སྒྲིག་གི་ཐད་ནས་སློབ་མའི་ཆུ་ཚད་དང་བསྟུན་ཞིང་རབ་འབྲིང་ཐ་གསུམ་དུ་བཀར་ནས་རིམ་པ་མི་འདྲ་བའི་སྦྱོང་ཚན་བཀོད་སྒྲིག་བྱས་ན། སྦྱོང་ཚན་ལེགས་འགྲུབ་བྱེད་པའི་བརྒྱུད་རིམ་ཁྲོད། སློབ་མའི་ལྟ་ཞིབ་ནུས་པ་དང་། ལྟ་ཀློག་གི་ནུས་པ། ལག་ལེན་གྱི་ནུས་པ། གསར་གཏོད་ཀྱི་ནུས་པ་སོགས་གསོ་སྐྱོང་བྱེད་པར་ཕན་ལ། དེ་བས་ཀྱང་གལ་འགངས་ཆེ་བ་ཞིག་ནི། སློབ་མ་དངོས་སུ་འཚོ་བར་ཟབ་ཞུགས་བྱས་ཏེ་རོལ་རྩེད་ཀྱི་ཁྲོད་ནས་སློབ་སྦྱོང་དང་། ལག་ལེན་གྱི་ཁྲོད་ནས་བཀོལ་སྤྱོད་ཀྱིས། སློབ་སྦྱོང་དེ་རང་གི་འཚོ་བའི་བརྒྱུད་རིམ་ཧྲིལ་པོ་དང་འབྲེལ་ཞིང་སྤྲོ་སྣང་དང་ཡང་ཁ་མི་འབྲལ་བ་ཞིག་ཡོང་སྲིད་ལ། ལག་ལེན་ཁྲོད་ནས་སྦྱངས་པའི་ཤེས་བྱ་གང་དེ་སྲ་བརྟན་དུ་གཏོང་ཐུབ། དེ་བཞིན་དུ་སློབ་འདོད་ཀྱི་སྤྲོ་སྣང་ཡང་དགེ་རྒན་གྱིས་ཨུ་ཚུགས་བྱེད་མི་དགོས་པར་རང་གི་ལག་ལེན་ལས་ར་འཕྲོད་པར་འགྱུར། གནས་ཚུལ་འདིའི་རིགས་ལ་གཞིགས་ཏེ་ཁོ་བོས་རང་ཉིད་ཀྱི་མི་ལོ་ཉི་ཤུ་ལྷག་གི་སློབ་ཁྲིད་ཀྱི་ཉམས་མྱོང་གཞིར་བཟུང་སྟེ། ལོ་རིམ་བདུན་པའི་སློབ་མ་ཞིག་ལ་བོད་སྐད་ཡིག་གི་སྦྱོང་ཚན་ཇུས་འགོད་ཇི་ལྟར་བྱེད་སྟངས་ཀྱི་ཐད་ནས་ཕྱོགས་བཞིར་དབྱེ་སྟེ་འཆད་པར་འདོད་དེ།


 གཅིག ཁ་བརྡའི་ནུས་པར་དོ་སྣང་བྱས་ནས་གོ་བརྡ་སྤྲོད་པའི་ནུས་པ་མཐོར་འདེགས་གཏོང་བ།

        ཤེས་རིག་སྣ་མང་ཅན་དང་། འཛམ་གླིང་གཅིག་གྱུར་ཅན་དུ་འགྱུར་བའི་དེང་གི་དུས་འདིར། ང་ཚོའི་ས་ཁུལ་འདིའི་དམའ་རིམ་སློབ་མའི་བོད་སྐད་ཡིག་གི་ཆུ་ཚད་ནི་ཇེ་ཞན་ནས་ཇེ་ཞན་དུ་འགྱུར་བའི་སྐབས་ཤིག་ཏུ་འཁེལ་ཡོད། ལྷག་ཏུ་ཕ་སྐད་མ་ཡིག་གི་ཁ་བརྡ་གློད་པའི་ཁོར་ཡུག་དང་གོམས་གཤིས་དག་མི་རབས་འདིའི་འཚོ་བ་དང་ཁ་ཐག་ཇེ་རིང་དུ་འགྲོ་བཞིན་པས་ན། བོད་སྐད་ཡིག་གི་ཆུ་ཚད་མཐོར་འདེགས་གཏོང་བར་འགལ་རྐྱེན་མང་། དེ་བས། ང་ཚོ་བོད་སྐད་ཡིག་གི་དགེ་རྒན་རྣམས་ཀྱིས་ཐོག་མར་སློབ་མ་ཡོངས་ལ་རང་ཉིད་མཚམས་སྦྱོར་ནས་མགོ་བཟུང་སྟེ་དམིགས་ཡུལ་ཡོད་པ་དང་འཆར་གཞི་ཡོད་པའི་སྒོ་ནས་འཆད་པའི་ཕྱོགས་སུ་ཤུགས་སྣོན་བྱེད་འོས་ཏེ། སློབ་མ་གང་གིས་རང་གི་མཐོང་ཐོས་མྱོང་གསུམ་མམ་བཤད་འདོད་པའི་ནང་སེམས་ཀྱི་གནས་སྐབས་གང་དེ་འཆད་ཐུབ་པ་ཡིན་ན། དེའི་རྩོམ་འབྲིའི་ནུས་པའང་ཇེ་ལེགས་སུ་འགྲོ་སྲིད་དེ། སྐད་ཆ་གང་ཞིག་ཡི་གེ་རུ་བཀོད་ན་རྩོམ་ཡིག་ཡིན་པའི་ཕྱིར་དང་། ཉན་བཤད་འབྲི་ཀློག་གང་ཞིག་བྱས་ནའང་རིག་པ་འཕེལ་ངེས་པའི་ཕྱིར་དང་། སྙིང་སྟོབས་ལ་སྦྱོང་བརྡར་བྱེད་པའི་ཕྱིར་དང་། ཐ་སྙད་གསོག་འཇོག་དང་བཀོལ་སྤྱོད་སོགས་སྐད་ཡིག་གི་ནུས་པ་འཛོམ་པར་བྱེད་པའི་ཕྱིར། ནམ་ཡང་ཁོར་ཡུག་གི་གྲོགས་གཉེན་དགེ་སློབ་སོགས་ཀྱི་བར་ལ་ཁ་བརྡ་དང་བསམ་ཚུལ་བརྗེ་རེས་བྱེད་པ། གཞན་ཡང་གནའ་གཏམ་འཆད་རེས་དང་། ཁེད་དང་གབ་ཚིག་བཤད་པ། གཏམ་དཔེ་འགྲན་པ་སོགས་ཀྱི་སྦྱོང་ཚན་བཀོད་སྒྲིག་བྱས་ན། སློབ་མའི་གཏམ་བཤད་ཀྱི་ནུས་པ་དང་འབྲེལ་འདྲིས་ཀྱི་ནུས་པ་སོགས་མཐོར་འདེགས་གཏོང་བར་ཕན་པ་རྒྱ་ཆེན་པོ་ཡོད།


 གཉིས། ཀློག་འདོན་གྱི་ནུས་པ་མཐོར་འདེགས་གཏོང་བ།

        སུམ་ཅུ་བའི་རྩ་བར།“བསླབ་ལ་བརྩོན་པའི་གང་ཟག་གིས།།དང་པོར་ང་རོ་རྣམས་ལ་སྦྱང་།།”ཞེས་པ་ལྟར། ཀློག་འདོན་ནི་དམའ་རིམ་སློབ་མ་ཞིག་གི་ངོས་ཐད་ནས་ཆེས་གལ་འགངས་ཆེ་བ་ཞིག་ཡིན་ཏེ། དེ་ཡང་བརྗོད་བྱའི་དོན་གོ་བ་ལ་རྗོད་བྱེད་ཀྱི་ཚིག་རེ་རེའི་སྦྱོར་ཀློག་བྱེད་སྟངས་ལ་བྱང་ཆ་ལྡན་རྒྱུ་ནི་ཆེས་རྩ་བའི་བླང་བྱ་ཡིན་པས། དགེ་རྒན་རྣམས་ཀྱིས་སློབ་མར་ཀློག་འདོན་གྱི་ཐད་ནས་རེ་བ་ནན་མོ་འདོན་དགོས་པ་ཡིན། སློབ་ཚན་གང་ཞིག་མ་འཁྲིད་པའི་ཡར་སྔོན་ལ།སློབ་མར་མ་མཐའ་ཡང་སློབ་ཚན་དེ་ཐེངས་གསུམ་རེར་ཀློག་འདོན་བྱ་དགོས་པའི་སྦྱོང་ཚན་བཀོད་སྒྲིག་བྱེད་འོས་ལ། སློབ་ཁྲིད་ཀྱི་སྐབས་སུའང་ཐོག་མར་སློབ་མ་ཀུན་ལ་ཀློག་ཏུ་འཇུག་པ་ནས་གྲལ་ཤར་དང་གྲལ་ཤར་བྱས་ནས་ཀློག་ཏུ་འཇུག་པ་དང་། དེ་ནས་རིམ་བཞིན་སློབ་མ་རེ་རེར་ཀློག་འདོན་བྱེད་དུ་བཅུག་སྟེ་སློབ་གྲོགས་ཚོས་ཕན་ཚུན་ལ་དཔྱད་འཇོག་བྱས་ནས་སྐར་མ་བརྒྱབ་ན། སློབ་གྲོགས་ཚོར་ངང་ངམ་ཤུགས་ཀྱིས་འགྲན་རྩོད་དང་སྤོབས་པ་རྒྱས་ཤིང་། ཀློག་འདོན་གྱི་ཐད་ལ་དོ་སྣང་དང་ཤུགས་སྣོན་རྒྱག་སྲིད་པས། སློབ་མའི་ཀློག་འདོན་གྱི་ནུས་པ་གང་ཐད་ནས་ཡར་རྒྱས་ཡོང་ཐུབ།


 གསུམ། ལྟ་ཞིབ་དང་ལག་ལེན་གཉིས་ཟུང་འབྲེལ་བྱེད་པ།

        སློབ་ཚན་གང་ཞིག་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་ཁྲོད་སློབ་མར་ལག་པ་འགུལ་དུ་བཅུག་ནས་ངག་ཐོག་གི་སྐད་ཆ་གང་དེ་ཡི་གེར་འབྲིར་འཇུག་པ་དང་། ཡང་ན་ནང་དོན་ལྟར་ས་ཁྲ་དང་རི་མོ་འབྲི་རུ་འཇུག་པ། གཏམ་རྒྱུད་སོགས་འཁྲབ་སྟོན་བྱེད་དུ་འཇུག་པ་སོགས་བྱས་ན། སློབ་མའི་སྐད་ཡིག་གི་གོ་བ་ལེན་ཤུགས་ཆེ་རུ་གཏོང་ཐུབ། དཔེར་ན།《ཡིད་དུ་འོང་བའི་ཡར་འབྲོག་གཡུ་མཚོ》དང《དཔྱིད》ལྟ་བུའི་སློབ་ཚན་ལ་མཚོན་ན། ཐོག་མར་སློབ་མ་ཚོར་སློབ་ཚན་གྱི་ནང་དོན་རི་མོར་འགོད་དུ་འཇུག་པ་སོགས་བྱས་ན། གོ་བ་ལེན་པའི་ནུས་པ་དང་། ལྟ་ཞིབ་ཀྱི་ནུས་པ་སོགས་གོང་དུ་སྤེལ་ཐུབ། ཡང་དཔེར་ན།《གོང་མའི་ན་བཟའ་གསར་པ》དང《མཇུག་མཐའི་སློབ་ཐུན་གཅིག》ལྟ་བུར་མཚོན་ན། དེའི་ནང་དོན་སློབ་མར་དངོས་སུ་འཁྲབ་སྟོན་བྱེད་དུ་བཅུག་ན། སློབ་ཚན་ནང་གི་མི་སྣའི་རང་གཤིས་དང་ཁྱད་ཆོས། ད་དུང་དོན་གྱི་བྱུང་རིམ་སོགས་གཏིང་ཟབ་ངང་རྟོགས་ཐུབ་པས། དགེ་རྒན་གྱིས་ལན་བརྒྱར་འཆད་པ་ལས་ནུས་པ་ལྡབ་འགྱུར་གྱིས་ཐོན་ཐུབ། ད་དུང་དཔེར་ན།《ཉི་ཟླ་སྐར་སྤྲིན་སོགས་ལ་བལྟས་ནས་གནམ་གཤིས་བརྟག་པ》དང《ཁ་དོག་རྣམ་པར་བཀྲ་བའི་མེ་ཏོག》ཅེས་པ་ལྟ་བུའི་སློབ་ཚན་ལ་སློབ་སྦྱོང་བྱས་རྗེས་ཉི་ཟླ་སྐར་སྤྲིན་དང་གནམ་གཤིས་བར་དུ་འབྲེལ་བ་ཅི་འདྲ་ཡོད་པ་དང་། མེ་ཏོག་གི་ཁ་དོག་གྲུབ་ཚུལ་དང་ཁ་དོག་གི་འགྱུར་ལྡོག་འབྱུང་སྟངས། དེ་མིན་མེ་ཏོག་གི་ཁ་དོག་དང་སྲིན་འབུའི་བར་གྱི་འབྲེལ་བ་སོགས་ལ་ཡིག་ངོ་ཙམ་མ་ཡིན་པར་དངོས་སུ་ལྟ་ཞིབ་དང་ཚོད་ལྟ་བྱེད་དུ་བཅུག་སྟེ་ལག་ལེན་དངོས་ལས་ཐོན་པའི་འབྲས་བུ་ཉིན་ཐོར་འགོད་དུ་བཅུག་ན་སྦྱངས་ཟིན་པའི་ཤེས་བྱ་སྲ་བརྟན་དུ་གཏོང་ཐུབ་པར་མ་ཟད། སློབ་མའི་བཀོལ་སྤྱོད་ཀྱི་ནུས་པ་སྦྱོང་བརྡར་དང་ལག་ལེན་ནམ་འཚོ་བར་ཟབ་ཞུགས་བྱེད་པའི་སྤྲོ་བ་སྐྱེད་སྲིང་བྱེད་ཐུབ།


 བཞི། ལས་བྱའི་བཀོད་སྒྲིག་ལ་གོ་རིམ་ལྡན་པར་བྱེད་པ།

        ཁྱིམ་བདག་མང་པོའི་རེ་སྐུལ་དང་སྤྱི་ཚོགས་ཧྲིལ་པོའི་གླེང་ཕྱོགས་གཞིར་བཟུང་ནས། ཉེ་ཆར་རྒྱལ་ཁབ་སློབ་གསོ་པུའུ་ཡིས“ཟུང་འཕྲི”དང“དོ་དམ་ལྔ”ལ་སོགས་པའི་སྲིད་ཇུས་རབ་དང་རིམ་པ་གཏན་འཁེལ་བྱས་ཡོད། དེ་བས་ང་ཚོས་ཀྱང་སློབ་གསོ་སྡེ་ཁག་གི་རེ་བ་ལྟར་སློབ་ཁྲིད་གྲོལ་རྗེས་ཀྱི་སྦྱོང་ཚན་མི་འདྲ་བ་ཇུས་འགོད་བྱེད་འོས་ཏེ། སློབ་མས་རང་ཉིད་དགའ་བའི་ཁ་བྱང་བདམས་ནས་ལེགས་འགྲུབ་འབྱུང་དུ་འཇུག་པ་དང་། རྨང་གཞི་མི་འདྲ་བའི་སློབ་མས་རང་ཉིད་ཀྱི་ནུས་པས་ལྕོགས་ཚོད་ལྟར་སྦྱོང་ཚན་འདེམས་ཆོག་པར་བྱས་ན། སློབ་མའི་ཆུ་ཚད་དངོས་དང་མཐུན་པར་མ་ཟད། སྦྱོང་ཚན་དང་སློབ་སྦྱོང་ལ་སུན་སྣང་སྐྱེས་པའི་གནད་དོན་འགོག་ཐུབ་པ་དང་། རང་ཉིད་ཀྱི་དགའ་ཕྱོགས་ལྟར་སྦྱོང་ཚན་བསྒྲུབས་པ་དེས། སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་གོང་འཕེལ་དང་། གང་ལ་དགའ་ན་དེ་ལ་མཁས་ཞེས་པ་ལྟར་ཡིད་ཆེས་ལས་བརྩོན་འགྲུས་དང་། སླར་ཡང་བརྩོན་འགྲུས་ལས་ཡིད་ཆེས་བསྐྱེད་དེ་སློབ་སྦྱོང་ཆུ་ཚད་གོང་ནས་གོང་དུ་འཕེལ་བའི་རྟེན་འབྲེལ་གྱི་གོམ་པ་དང་པོ་འགྲིག་པར་འགྱུར། གཞན་ཡང་། སློབ་མ་སོ་སོའི་སློབ་སྦྱོང་གི་བར་ཁྱད་ལ་བརྩི་འཇོག་སྒོས་དཔེ་ཁྲིད་མི་སྐྱོང་བྱེད་ཐུབ་ཅིང་། སློབ་མ་རབ་གྲས་ལ་བསླབ་དེབ་ལས་རྒྱ་བསྐྱེད་དེ་འབྲེལ་ཡོད་ཀྱི་ཤེས་བྱ་མང་པོ་འཐོབ་པར་འགྱུར་བ་དང་། སློབ་མ་འབྲིང་ལ་འབྲིང་གི་ཚོད་དང་། སློབ་མ་ཞན་གྲས་ལ་ཡང་སྐལ་མེད་གྲལ་མེད་མ་ཡིན་པར་རང་གི་ཚོད་ཀྱིས་ལས་རྒྱུ་ཞིག་དང་ལག་ཡོང་ཞིག་ཡོད་པར་འགྱུར་བས། ཚང་མ་ཚད་མི་འདྲ་བའི་སྒོ་ནས་མཐོར་འདེགས་གང་འཚམ་གཏོང་ཐུབ་པ་ཡིན།

        སྦྱོང་ཚན་ལ་དམིགས་ཡུལ་གཉིས་ཡོད་དེ། གཅིག་ནི་སྦྱོང་བརྡར་བྱས་པ་བརྒྱུད་ནས་སྦྱངས་ཟིན་པའི་ཤེས་བྱར་ངོས་ཟིན་གཏིང་ཟབ་འབྱུང་བ་དང་། གཉིས་ནི་སྦྱངས་ཟིན་པའི་ཤེས་བྱ་བེད་སྤྱད་དེ་གཅིག་ཤེས་ཀུན་གྲོལ་དང་ཟུར་བལྟས་ལེབ་མཐོང་བྱ་རྒྱུ་དེ་ཡིན། བསླབ་གཞི་གསར་པའི་སྦྱོང་ཚན་ལེགས་སྒྲུབ་བྱེད་པའི་བརྒྱུད་རིམ་ཁྲོད། སྦྱོང་ཚན་དེ་སློབ་མ་འཚར་ལོངས་འབྱུང་བར་ཕན་པའི་དགོས་མཁོ་ཞིག་ཏུ་བསྒྱུར་དགོས། དེའི་རྐྱེན་གྱིས་དགེ་རྒན་གྱིས་སྦྱོང་ཚན་ཇུས་འགོད་བྱེད་དུས། སྦྱོང་ཚན་གྱི་ཆེས་མཐར་ཐུག་གི་དགོས་པ་དང་ཕན་ནུས་ལ་བསམ་བློ་གཏོང་དགོས་པ་ལས་སེམས་ལ་གང་དྲན་དང་ལག་ལ་གང་ཐོན་དུ་བཀོད་སྒྲིག་བྱས་ན། སློབ་མར་སུན་སྣང་བསྐྱེད་ཅིང་སྤྲོ་སྣང་ཉམས་པར་འགྱུར་བས། ང་ཚོས་ངེས་པར་དུ་སློབ་མའི་ཆུ་ཚད་དང་བསྟུན་ནས་ཤེས་བྱའི་རང་བཞིན་དང་། ཚན་རིག་རང་བཞིན། ཡར་ཐོན་རང་བཞིན། སྤྲོ་སྣང་རང་བཞིན་བཅས་ལྡན་པའི་སྦྱོང་ཚན་བཀོད་སྒྲིག་བྱས་ན། སློབ་མའི་ཁུར་བོ་ཇེ་ཡང་དང་། རང་དབང་གི་བར་སྟོང་ཇེ་ཆེར་གཏོང་ཐུབ་ལ། སློབ་གསེང་གི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་ཐུན་མོང་མ་ཡིན་པའི་རང་གཤིས་ཀྱང་གསོ་སྐྱོང་བྱ་ཐུབ་བོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1