མདོ་ཁམས་གཡུ་མཁར་དགོན་ཐེག་ཆེན་ཆོས་འཁོར་གླིང་ནི་ཐོག་མ་གཡུང་དྲུང་བོན་གྱི་ཆོས་བརྒྱུད་འཛིན་པའི་དགོན་པ་ཞིག་ཡིན་ཞིང་དཀར་འཚེར་གཤོང་དུ་ཆགས་ཡོད་པར་གྲགས། འོན་ཀྱང་ཐོག་མར་ཕྱག་འདེབས་མཁན་དང་དུས་ནམ་ཙམ་དུ་བཏབ་པ་མི་གསལ། ཕྱིས་སུ་རབ་བྱུང་བཅུ་གཅིག་པའི་སྤྱི་ལོ༡༦༥༠ནང་ཡས་མས་སུ་ཀརྨ་ཞྭ་ནག་བཅུ་པ་ཆོས་དབྱིངས་རྡོ་རྗེ་གཡུ་ཁོག་ཏུ་ཕེབས་སྐབས། གཡུ་དགོན་གྱི་བླ་མ་གཡུང་དྲུང་རྒྱལ་མཚན་ཞེས་པས་གཙུག་ཏུ་བཀུར། དེ་ནས་ཁོང་རྣམ་གཉིས་ཀྱིས་དགོན་གསར་དུ་འདེབས་པར་བགྲོས་ནས་ས་གཟིགས་སུ་ཕེབས་པས་ར་ཆགས་མར་མདའི་མཁལ་ཁུག་ཏུ་ས་དཔྱད་བཟང་བར་གསུངས་ནས་ལྷ་ཁང་གི་རྨིང་བཏིང་བ་ན། རལ་གྲིའི་ཐང་རྩེ་རུ་རྒད་པོ་ཞིག་གིས་ཞོ་ཟོ་བ་གང་དང་། སྟན་དཀར་ལིང་ཞིག་བཟུང་ནས་འགྲོ་བ་དེར་བླ་མ་རྣམ་གཉིས་དང་འཕྲད། རྒད་པོ་དགའ་དྲག་ནས་སྟན་དཀར་དེར་བཏིང་། བླ་མ་གཉིས་འདིར་བཞུགས་ལ་ཞོ་གསོལ་ཞུས་པས། ཀརྨ་པས་རྒད་པོའི་མིང་དྲིས་པས། བསྟན་པ་དར་རྒྱས་ཟེར་ཞུས། ཁོང་གིས་རྟེན་འབྲེལ་བཟང་། ཐང་འདི་མཁས་པའི་ལྗགས་སམ་ཤེས་རབ་ཀྱི་རལ་གྲིའི་དབྱིབས་སུ་འདུག ད་ལྟ་དགོན་པ་ཕར་ཕྱོགས་སུ་བཏབ་ན་ནམ་ཞིག་ཐང་འདིར་གྲོང་སྡེ་ཆགས་ཡོང་ན་མཁས་པའི་ལྗགས་སྟེང་དུ་ལྕགས་ཕྱེ་བླུགས་པ་ཟེར་བ་ཡིན་པས་ད་དགོན་པ་འདིར་བཞེངས་གསུངས་ནས་ད་ལྟའི་དགོན་པ་ཡོད་ས་དེར་དགོན་པ་གསར་དུ་བཏབ་ནས་བན་ལུགས་སུ་བསྒྱུར་བ་ཡིན། དེ་རྗེས་རབ་བྱུང་བཅུ་བཞི་པའི་ལྕགས་སྦྲུལ༼ ༡༨༢༡༽ ནང་དུ་གཡུ་ཁོག་དཔོན་ཀརྨ་ཆོས་གྲགས་ཀྱིས་ཁྱུང་ལུང་རས་པ་དམ་ཚིག་རྡོ་རྗེ་གདན་དྲངས་ནས་གཡུ་དགོན་བསྐྱར་བཞེངས་ཀྱི་ས་འདུལ་མཛད། དེ་རྗེས་དཔོན་མོ་བསོད་ནམས་སྒྲོལ་མའི་སྐུ་རིང་སྟེ། རབ་བྱུང་བཅུ་བཞི་པའི་ཤིང་ལུག༼ ༡༨༣༥༽ ལོར་ནགས་རྟ་བླ་མ་ཨུ་རྒྱན་ཕུན་ཚོགས་ཀྱིས་རྫོགས་ཆེན་རྒྱལ་སྲས་གཞན་ཕན་མཐའ་ཡས་་གདན་དྲངས་ཚེ་དགོན་འདིར་བླ་གྲྭ་བརྒྱ་ཕྲག་ཙམ་བཞུགས་པ་ཕལ་ཆེར་རྟེན་སྔགས་འཆང་། དབུ་སྐྲ་དང་ཡུམ་ཅན་དུ་བཞུགས་པས། རྒྱལ་སྲས་པས་གནས་འདི་དགོན་པ་ཡིན་ནམ་གྲོང་པ་ཡིན། ཁྱེད་ཅག་ཁྱིམ་པ་ཡིན་ནམ་གྲྭ་པ་ཡིན། འདི་ལྟ་བུའི་སྒོ་ནས་རྒྱལ་བསྟན་འཛིན་ཚུལ་ཡོད་དམ། ཁྱེད་ཅག་ལ་ཆ་ལུགས་སྤྱོད་ལམ་འདི་ལྟར་བྱེད་པའི་དཔའ་གདེངས་ཅི་ཡོད་ང་ལ་ཤོད། བཤད་རྒྱུ་མེད་ན་སྐྱ་མིན་སེར་མིན། གྲོང་མིན་དགོན་མིན་འདི་བྱེད་མི་ཆོག་སོགས་བཀའ་བཀྱོན་མཛད་པས། བླ་རྒན་འགའ་མདུན་དུ་བཅར་ནས་རྟོགས་འབུལ་བྱས་པས། རྒྱལ་སྲས་པ་ཐུགས་དགྱེས་ནས། ཁྱེད་ཅག་གི་འདོན་ཆ་དང་ཕྱག་སྲོལ་དཔལ་ཡུལ་བའི་ལུགས་ལྟར་འདུག་མོད། ཉམས་ལེན་གྱི་མཐིལ་ནི་ཀློང་ཆེན་སྙིང་ཐིག་ཏུ་འདུག་པས། ཁོ་བོས་རྫོགས་ཆེན་རུ་དམ་ལུང་དུ་དཔལ་སེང་གེ་རིའི་ཆོས་གྲྭ་ཞེས་པ་ཞིག་གསར་བཞེངས་བྱས་ཡོད། དེ་ཀློང་ཆེན་སྙིང་ཐིག་གི་ཕྱག་སྲོལ་འཛིན་པའི་ཆོས་སྡེ་ཞིག་ཡིན་པས་དེའི་བུ་དགོན་བྱེད་དགོས་གསུངས། དགོན་པའི་མཚན་ལ་གཡུ་མཁར་ཐེག་ཆེན་ཆོས་འཁོར་གླིང་ཞེས་བཏགས། བླ་གྲྭ་རྣམས་ལ་ཟབ་རྒྱས་སྨིན་གྲོལ་གྱི་གདམས་པ་བསྩལ། དུས་དེ་ནས་བཟུང་སྟེ་སྔ་འགྱུར་རྒྱལ་བ་རྫོགས་ཆེན་པའི་ཆོས་བརྒྱུད་འཛིན་པའི་དགོན་པ་ཞིག་དང་། རྒྱལ་སྲས་གཞན་ཕན་པ་གདན་རབས་དང་པོར་གྱུར་པ་ཡིན། དེ་རྗེས་མདོ་མཁྱེན་བརྩེས་བྱིན་གྱིས་བརླབས་པའི་སྲས་གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པ༼ ༡༨༣༧─༡༨༩༨༽ འཁྲུངས་ཤིང་སྐུ་ནར་སོན་སྐབས་རྫོགས་ཆེན་དུ་གྲྭ་སར་ཕེབས་ནས་མདོ་སྔགས་མན་ངག་མཐོང་བརྒྱུད་ཕྱག་བཞེས་དང་བཅས་པ་ལ་མཁས་པར་སྦྱངས་ནས་གཡུ་དགོན་དུ་སླར་ཕེབས་ཏེ། གདན་རབས་གཉིས་པའི་འགན་བཞེས་མཛད་ནས་འདུལ་བ་གཞི་གསུམ་གྱི་ཕྱག་སྲོལ་དང་། ཟབ་ལམ་བདེ་གཤེགས་ཀུན་འདུས་དང་འབྲེལ་བའི་རབ་གནས་ཆོ་ག བཀའ་མའི་མཆོད་ཁག་ལྔ། རྩ་བྲུབ་གར་གསུམ། ཁྲོ་རོལ་དགུ་ཆེན། དཀོན་མཆོག་སྤྱི་འདུས་ཀྱི་བུམ་སྒྲུབ། གསང་འདུས་ཚེས་བཅུ་དང་བཅས་པ་སོགས་མཐོང་བརྒྱུད་ཀྱི་ཕྱག་བཞེས་ཆེ་ཕྲ་ཐམས་ཅད་གསར་དུ་འཛུགས་པར་བྱས། སྔ་འགྱུར་བཀའ་གཏེར་ཀྱིས་མཚོན་དབང་ཁྲིད་ཀྱི་གདམས་པས་སློབ་ཚོགས་བསྐྱངས། དེས་ན་མདོ་ཁམས་གཡུ་མཁར་དགོན་དུ་ངེས་གསང་སྔ་འགྱུར་བའི་རིང་ལུགས་དྲི་མ་མེད་པའི་ཕྱག་སྲོལ་དེ། ཁྱུང་ལུང་རས་པ་དམ་ཚིག་རྡོ་རྗེའི་སྐུ་དུས་སུ་དབུ་བརྙེས། རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་སྲོལ་བཏོད། རིག་འཛིན་ལུང་རིག་གླིང་པས་དར་ཞིང་རྒྱས་པར་བྱས་པ་ཡིན་ནོ། །
གཡུ་མཁར་དགོན་གྱི་ལོ་རྒྱུས་མདོར་བསྡུས།
དེ་ནས་རིམ་པར་གདན་རབས་གསུམ་པ་རྒྱ་ལྷ་མོ་ཚེ་རིང་། བཞི་པ་དབོན་རིག་འཛིན་རྣམ་རྒྱལ། ལྔ་པ་དཔོན་བླ་དགེ་འདུན་རྒྱ་མཚོ། དྲུག་པ་རྒྱ་ཆོས་རིས་ཐུབ་བསྟན་བྱང་ཆུབ་རྡོ་རྗེ། བདུན་པ་རྒྱ་ཐུབ་བསྟན་རང་བྱུང་སོགས་ཀྱིས་རིམ་པར་བསྟན་པ་བསྐྱངས། གཞན་ཡང་གཡུ་ཁོག་བྱ་བྲལ་ཆོས་དབྱིངས་རང་གྲོལ། ཧོར་བླ་གཞན་ཕན་བཟང་པོ། རྒྱ་ཤུལ་ཆོས་དཔལ་རྒྱ་མཚོ། ཨ་ཚབ་པདྨ་བསྟན་འཛིན། མགོ་སྤྲུལ་ཆོས་དབྱིངས་ཀུན་གསལ་རྒྱ་མཚོ། ཁྱ་མདའ་བློ་གྲོས་རབ་གསལ། ཆ་ནང་སྤྲུལ་སྐུ་མི་ཕམ། གོང་སྤྲུལ་པདྨ་དགྱེས་པ་སོགས་མཁས་དང་གྲུབ་པའི་སྐྱེས་བུ་དུ་མ་བྱོན། གཡུ་ཁོག་དཔོན་བླའི་སྐུ་དུས་སུ་རྒྱུན་བཞུགས་ཀྱི་བཤད་གྲྭ་པ་ལོགས་སུ་བཙུགས་ནས་རྫོགས་ཆེན་མཁན་པོ་འོད་ལུ་གདན་དྲངས། དེ་ནས་རིམ་པར་གཡུ་ཁོག་མཁན་པོ་ཀུ་ལོ། མཁན་པོ་བསོད་ནམས་སེང་གེ། རྫོགས་ཆེན་མཁན་པོ་ཆོས་ཚ། གཡུ་ཁོག་མཁན་པོ་དོན་གྲུབ་དབང་རྒྱལ། མཁན་པོ་རི་རྡོར། མཁན་པོ་དོན་ཚེ། མཁན་པདྨ་ཐེག་མཆོག མཁན་ཚེ་ལྷ་རིག་འཛིན་སོགས་ཀྱིས་མདོ་སྔགས་གཞུང་ཆེན་ཁག་འཆད་ཁྲིད་མཛད། དེ་བཞིན་གཡུ་སྙིང་ལ་ཁར་སྤོང་བ་བསམ་གཏན་པའི་སྒྲུབ་སྡེ་ཡང་གསར་དུ་བཏབ། དུས་འགྱུར་ཁྲོད་གཡུ་དགོན་ལ་ཉམས་ཉེས་ཚབས་ཆེན་ཐེབས། ཡང་དར་བསྟན་པའི་ཉི་གཞོན་གསར་དུ་ཚེས་སྐབས་ཨ་ཚབ་པདྨ་འགྱུར་མེད། མཆོག་སྤྲུལ་ཚུལ་ཁྲིམས་བསྟན་འཛིན། མཁན་པོ་སངས་རྒྱས་སྨན་བླ། གཡུ་ཁོག་བྱ་བྲལ་བའི་ཡང་སྲིད་མཉམ་མེད་རང་བྱུང་རྡོ་རྗེ། འཇམ་དབྱངས་ལུང་རིག་རྒྱ་མཚོ། རྒྱ་སྤྲུལ་གསུམ་པ་ལུང་རྟོགས་ཆོས་ཀྱི་ཉི་མ་སོགས་ཀྱི་ཐུགས་བཀོད་དང་གཡུའི་སྟོང་རུ་ལྷ་སྡེའི་མཐུན་རྐྱེན་འོག་དགོན་བཤད་སྒྲུབ་དང་བཅས་པ་བསྐྱར་གསོ་གནང་ཞིང་རིམ་པར་གདན་རབས་བརྒྱད་པ་ཨ་ཚབ་སྤྲུལ་སྐུ། དགུ་པ་མཉམ་མེད་རང་བྱུང་རྡོ་རྗེ། བཅུ་པ་རྒྱ་འཇམ་དབྱངས། བཅུ་གཅིག་པ་རྒྱ་སྤྲུལ་གསུམ་པ་བཅས་ཀྱིས་མཛད་ནས་དེང་སྐབས་ཇོ་སེར་འདུས་པ་བདུན་བརྒྱར་ཉེ་བས་བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་རྒྱལ་བསྟན་སྐྱོང་བཞིན་མཆིས། དགོན་འདིའི་བུ་དགོན་ནམ་དགོན་ལག་ཏུ་གཏོགས་པ་ནི་གཡུ་རོང་བསྐོས་ལེགས་དགོན། ཤོག་བཞི་སྨོན་ལམ་དགོན། ཝ་གོ་སིདྡྷི་དགོན། རྒྱལ་རོང་ཕུ་དུམ་དགོན། རོང་མེས་འབྲུ་སྨིན་དགོན། གསེར་ཡག་ཡེ་སྒར་བཅས་ཡིན།