ཉེ་ལམ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བཀྲ་བྷས་བརྩམས་པའི་《ཁྲི་འདུས་སྲོང་གི་མགུར་གླུར་དཔྱད་པ།》དང་བཙུན་པོ་དོན་གྲུབ་ཀྱིས་བརྩམས་པའི་《ཚེ་རིང་དོན་གྲུབ་ཀྱི་སྒྲུང་གཏམ་ལ་དཔྱད་པ།》དང་། བན་དེ་མཁར་གྱིས་བརྩམས་པའི《ལོ་བརྒྱའི་ལྷ་སའི་སྙན་ངག་གི་ཞིབ་འཇུག》གསུམ་པར་སྐྲུན་འགྲེལ་སྤེལ་བྱས་པ་ན། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཀྱི་རྩོམ་རིག་ཞིབ་འཇུག་ལས་གཞི་སྟེ། བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ཚོགས་ཀྱི་ཁག་དང་པོ་ཡོངས་སུ་རྫོགས་པར་པར་སྐྲུན་བྱས་པ་དང་། ཁག་གཉིས་པར་གཏོགས་པའི་དཔེ་དེབ་ཐོག་མའང་བདེ་བླག་ངང་པར་དུ་བསྐྲུན་ཡོད།
སྤྱི་ལོ་2012ལོ་ནས་བཟུང་། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་སློབ་གླིང་གིས་985ལས་གཞི་དང་ཕུལ་བྱུང་སློབ་ཆེན་དང་ཕུལ་བྱུང་རིག་ཚན་ལ་རྒྱབ་སྐྱོར་བྱེད་པའི་ཞིབ་འཇུག་མ་དངུལ་བརྩོན་ལེན་བྱས་ཏེ། བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ཚོགས་ཞེས་པའི་མུ་འབྲེལ་ཞིབ་འཇུག་ལས་གཞི་གཉེར་མགོ་བརྩམས་རྗེས། སྔ་རྗེས་སུ་བཀྲ་བྷས་བརྩམས་པའི་《བོན་གྱི་ལྷ་རབས་ལ་དཔྱད་པ།》དང་བཀྲ་བྷས་བསྒྲིགས་པའི་《གསར་རྩོམ་ཉམས་མྱོང་གླེང་བ།》 ལྕགས་རྡོར་གྱིས་བརྩམས་པའི་《བོད་ཀྱི་དེང་རབས་སྙན་ངག་རིག་པ།》 བན་དེ་མཁར་གྱིས་བརྩམས་པའི་《སྐྱབས་ཆེན་བདེ་གྲོལ་ཞིབ་འཇུག》 བན་དེ་མཁར་གྱིས་བསྒྲིགས་པའི་《སྟག་འབུམ་རྒྱལ་གྱི་སྒྲུང་གཏམ་ལ་དཔྱད་པ།》ཞེས་པའི་དེབ་ལྔ་པར་སྐྲུན་བྱས་པ་དང་། ཉེ་ལམ་བཀྲ་བྷས་བརྩམས་པའི་《ཁྲི་འདུས་སྲོང་གི་མགུར་གླུར་དཔྱད་པ》དང་བན་དེ་མཁར་གྱིས་བརྩམས་པའི་《ལོ་བརྒྱའི་ལྷ་སའི་སྙན་ངག་ཞིབ་འཇུག》ཅེས་པའི་དེབ་གཉིས་པར་སྐྲུན་བྱས་པ་ལས་བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ཚོགས་ཞེས་པའི་ཁག་དང་པོ་ཡོངས་སུ་རྫོགས་པར་པར་སྐྲུན་བྱས་པ་ཡིན།
ཉེ་ལམ་བཙུན་པོ་དོན་གྲུབ་གྱིས་བརྩམས་པའི་《ཚེ་རིང་དོན་གྲུབ་ཀྱི་སྒྲུང་གཏམ་ལ་དཔྱད་པ།》ཞེས་པའི་དེབ་འདི་པར་དུ་བསྐྲུན་པ་ལས་ཞིབ་འཇུག་དེབ་ཚོགས་འདིའི་ཁག་གཉིས་པ་མགོ་བརྩམས་པ་ཡིན། བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ཚོགས་ཁག་གཉིས་པ་ནི་བཀྲ་བྷས་བརྩམས་པའི་《བོད་ཀྱི་རྩོམ་པ་པོའི་གསར་རྩོམ་ཉམས་མྱོང་ལ་དཔྱད་པ།》དང་བཀྲ་བྷས་བརྩམས་པའི་《རཱ་མ་ཎའི་རྟོགས་བརྗོད་ཀྱི་འགྲེལ་བ།》 དཔལ་རྩལ་གྱིས་བརྩམས་པའི་《འཇུ་སྐལ་བཟང་གི་སྙན་ངག་ལ་དཔྱད་པ།》 བན་དེ་མཁར་གྱིས་བརྩམས་པའི་《སྙན་ངག་མེ་ལོང་གི་བརྡ་ཆད་རྣམ་དཔྱད།》 བཙུན་པོ་དོན་གྲུབ་གྱིས་བརྩམས་པའི་《ཚེ་རིང་དོན་གྲུབ་ཀྱི་སྒྲུང་གཏམ་ལ་དཔྱད་པ།》 རང་སྒྲས་བརྩམས་པའི་《རྩོམ་རིག ·གསར་རྩོམ ·དཔྱད་བརྗོད།》བཅས་དེབ་ལྔའི་བདག་ཉིད་ཅན་ཞིག་ཡིན་ལ། ད་ལོ་ནས་མགོ་བཟུང་སྟེ་རིམ་བཞིན་པར་དུ་སྐྲུན་འཆར་ཡོད། །