༄༅།། ཟ་མ་ཟ་བ་མགྱོགས་ནའང་གཅིན་སྙི་ཟ་ཁུའི་ནད་འབྱུང་ཉེན་ཆེ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། སྤེལ་དུས། 07-27


        ཉེ་ཆར། “ཟ་མ་ཟ་བ་མགྱོགས་ནའང་གཅིན་སྙི་ཟ་ཁུའི་ནད་འབྱུང་ཉེན་ཆེ”ཞེས་པ་ཚ་གླེང་བྱ་ཡུལ་དུ་གྱུར་པ་དང་། ཞིབ་འཇུག་ཅིག་ཏུ་གསལ་བ་ལྟར་ན། “ཧབ་ཟ་ཧམ་འཐུང”བྱེད་པའི་མིའི་གཅིན་སྙི་ཟ་ཁུའི་ནད་ཀྱི་འབྱུང་ཚད་རྒྱུན་ལྡན་མི་ལས་ལྡབ་གསུམ་གྱིས་མཐོ་བ་རེད།

 གཅིག གཅིན་སྙི་ཟ་ཁུའི་ནད་ཅེས་པ་ཅི་ཡིན་ནམ།

        གཅིན་སྙི་ཟ་ཁུའི་ནད་ཅེས་པ་ནི་རྙིང་འདོར་རང་བཞིན་གྱི་ནད་རིགས་ཤིག་ཡིན་ཞིང་། དེའི་ཁྱད་ཆོས་གཙོ་བོ་ནི་ཁྲག་མངར་མཐོ་བ་ཡིན། དཔེ་མཚོན་གྱི་དངོས་བཅོས་ནད་རྟགས་སུ་གཅིན་པ་གཏང་རྒྱུ་མང་བ་དང་། བཏུང་བ་བཏུང་རྒྱུ་མང་བ། ཟ་མ་བཟའ་རྒྱུ་མང་བ། ལུས་པོའི་ལྗིད་ཚད་ཇེ་ཡང་དུ་འགྲོ་བ། ཐང་ཆད་ཅིང་ངལ་དུབ་ཆེ་བ། མིག་དབང་རབ་རིབ་ཏུ་འགྱུར་བ་སོགས་ཡོད།

        ནད་འདིའི་གཞི་འཛིན་ས་གཙོ་བོ་ནི་ཁྲག་མངར་ཡིན་པ་དང་། ཁོག་སྟོང་སྐབས་ཀྱི་ཁྲག་མངར7.0mmol/Lལས་མཐོ་བའམ་ཡང་ན་འདྲ་མཚུངས་ཡིན་པ་དང་། ཡང་ན་ཟ་མ་ཟོས་རྗེས་ཀྱི་ཆུ་ཚོད་གཉིས་ཀྱི་ནང་ལ་ཁྲག་མངར11.1mmol/Lལས་མཐོ་བའམ་ཡང་ན་འདྲ་མཚུངས་ཡིན་དུས། གཅིན་སྙི་ཟ་ཁུའི་ནད་བྱུང་ཡོད་པ་གཏན་འཁེལ་བྱས་ཆོག གཞན་མངར་འགྱུར་ཁྲག་དམར་སྤྲི་དཀར6.5%ལས་མཐོ་བའམ་ཡང་ན་འདྲ་མཚུངས་ཡིན་དུས་ཀྱང་། གཅིན་སྙི་ཟ་ཁུའི་ནད་བྱུང་འདུག་ཅེས་བཤད་ཆོག

        གལ་ཏེ། ཁྲག་མངར་ལ་ཚོད་འཛིན་ལེགས་པོ་བྱེད་མ་ཐུབ་ན། མིག་དབང་ཉམས་པ་དང་། གཟའ་ནད་ཕོག་པ། མཁལ་མའི་བྱེད་ནུས་ཉམས་པ་སོགས་དོས་དྲག་དང་དལ་གཤིས་ཀྱི་ནད་རྟགས་མཉམ་དུ་འབྱུང་བ་ཡིན།

 གཉིས། རྒྱུ་རྐྱེན་གང་དག་གིས་གཅིན་སྙི་ཟ་ཁུའི་ནད་འབྱུང་བའི་ཉེན་ཁ་ཇེ་ཆེ་ལ་གཏོང་ངམ།

    ཀ ཚོན་པོ་ཡིན་པ་སྟེ། རྣམ་པ2པའི་གཅིན་སྙི་ཟ་ཁུའི་ནད་ཀྱི་ཉེན་ཁའི་རྒྱུ་རྐྱེན་ཁྲོད་དུ། ཚོན་པོ་ཡིན་པའི་ཤུགས་རྐྱེན་དེ་རྒྱུད་པ་དང་འཚོ་བ་རོལ་སྟངས་གཉིས་ལས་ཆེ་བ་ཡིན། མི་ཚོན་པོའི་རིགས་ལ་རྣམ་པ2པའི་གཅིན་སྙི་ཟ་ཁུའི་ནད་འབྱུང་བའི་ཉེན་ཁ་ནི་ལུས་པོའི་ལྗིད་ཚད་རྒྱུན་ལྡན་ཡིན་མཁན་ལས་ལྡབ5.81གིས་ཆེ་བ་ཡིན།

    ཁ ཁྲག་ཚིལ་མཐོ་བ་སྟེ། ནར་སོན་རྗེས་གཅིན་སྙི་ཟ་ཁུའི་ནད་འབྱུང་མིན་ལ། ལོ་བརྒྱད་ཀྱི་དུས་ནས་བཟུང་རྟགས་ཡོད། ལོ་ཆུང་བར་འདོད་ནས་ཁྲག་ཚིལ་རྒྱུན་ལྡན་མ་ཡིན་པ་སྣང་མེད་དུ་འཇོག་མི་རུང་།

    ག བཏུང་བ་མངར་མོ་དང་ལྷད་མེད་སིལ་ཁུ་འཐུང་བ་སྟེ། བཏུང་བ་མངར་མོ་དང་ལྷད་མེད་སིལ་ཁུ། ཡང་ན་བཏུང་བ་མངར་མོའི་ཚབ་མ་གང་ཞིག་འཐུང་ནའང་། གཅིན་སྙི་ཟ་ཁུའི་ནད་འབྱུང་བའི་ཉེན་ཁ་ཇེ་ཆེ་ཡིན་པའི་ཐོག་ལ། འཐུང་རྒྱུ་ཇི་ལྟར་མང་ན། ནད་འབྱུང་བའི་ཉེན་ཁའང་དེ་ལྟར་ཆེ་བ་ཡིན།

    ང གཉིད་མི་འདང་བ་སྟེ། རྒྱུན་པར་ཆུ་ཚོད5ནས6ལ་གཉིད་པ་དང་བསྡུར་ན། ཆུ་ཚོད7ནས8དུ་གཉིད་པ་རྒྱུན་འཁྱོངས་བྱེད་མཁན་གྱི་རྣམ་པ2པའི་གཅིན་སྙི་ཟ་ཁུའི་ནད་འབྱུང་བའི་ཉེན་ཁ་ཇེ་ཆུང་ཡིན།

    ཅ ཟ་མ་བཟའ་རྒྱུ་ཧ་ཅང་མགྱོགས་པ་སྟེ། ཟ་མ་བཟའ་རྒྱུ་དལ་བའི་མི་དང་བསྡུར་ན། ཟ་མ་བཟའ་རྒྱུ་ཧ་ཅང་མགྱོགས་པའི་མི་ལ་གཅིན་སྙི་ཟ་ཁུའི་ནད་འབྱུང་བའི་ཉེན་ཁ་ཅུང་ཆེ་བ་ཡིན། ཟ་མ་བཟའ་རྒྱུ་ཧ་ཅང་མགྱོགས་པ་ནི་གཅིན་སྙི་ཟ་ཁུའི་ནད་ཀྱི་འབྱུང་རྐྱེན་ཁེར་གནས་ཤིག་ཏུ་གྱུར་ཡོད།

    ཆ ཐ་མག་འཐེན་པ་སྟེ། ཐ་མག་འཐེན་པ་ཡིན་ན། གཅིན་སྙི་ཟ་ཁུའི་ནད་འབྱུང་བའི་ཉེན་ཁ་ཇེ་ཆེ་ལ་གཏོང་བ་ཡིན།

 གསུམ། གཅིན་སྙི་ཟ་ཁུའི་ནད་ལ་སྔོན་འགོག་ཇི་ལྟར་བྱེད་དམ།

    ཀ རྩོལ་བ་དང་ངལ་གསོ་ལ་ཆོས་ཉིད་ཡོད་པ་སྟེ། རྩོལ་བ་དང་ངལ་གསོ་ལ་ཆོས་ཉིད་མེད་ན། མི་ལུས་ཀྱི་ལྷན་སྐྱེས་སྙོམ་སྒྲིག་བྱེད་ནུས་ཉམས་པ་ལས་གཅིན་སྙི་ཟ་ཁུའི་ནད་བསྐྱེད་པ་དང་། ལྷན་སྐྱེས་སྙོམ་སྒྲིག་བྱེད་ནུས་ལ་གོ་རིམ་ལྡན་ན། གཅིན་སྙི་ཟ་ཁུའི་ནད་ལ་ཚོད་འཛིན་བྱེད་པར་ཕན་པ་ཡིན།

    ཁ ཟ་མའི་ཟ་ཚད་ཇེ་ཉུང་དུ་བཏང་ནས་ལུས་པོའི་ལྗིད་ཚད་ཇེ་ཆུང་དུ་གཏོང་བ་སྟེ། ལུས་པོའི་ལྗིད་ཚད་ལ་ཚོད་འཛིན་བྱས་ན། ཚད་རིམ་ངེས་ཅན་ཞིག་ནས་གཅིན་སྙི་ཟ་ཁུའི་ནད་བྱུང་བ་ལ་འགྱུར་ལྡོག་གཏོང་ཐུབ། ཟ་མའི་ནང་གི་སྣུམ་ཅན་དང་ཚིལ་མང་བའི་རིགས་ཇེ་ཉུང་ལ་བཏང་རྗེས། གཤེར་རྨེན་གྱིས་རྨེན་གཤེར་རྒྱུ་གཏོང་བའི་ཚད་སླར་གསོ་བྱེད་པ་དང་། དེ་ནས་ཁྲག་མངར་གྱི་འདུས་ཚད་ལ་ཚོད་འཛིན་བྱེད་པ་ཡིན།

    ག ཐ་མག་མི་འཐེན་པ་སྟེ། གཅིན་སྙི་ཟ་ཁུའི་ནད་པ་ལ་སྙིང་དང་ཀླད་པའི་ཁྲག་རྩའི་ནད་འབྱུང་བའི་ཚད་ནི་གཅིན་སྙི་ཟ་ཁུའི་ནད་པ་མ་ཡིན་པ་ལས་ལྡབ2ནས4ཡིས་མཐོ་བ་ཡིན། ཐ་མག་མ་འཐེན་ན། ཉེན་ཁ་འདི་ཉིད་ཇེ་ཆུང་དུ་གཏོང་ཐུབ།

    ང ཚི་སྣའི་འདུས་ཚད་མཐོ་བའི་ཟས་རིགས་ཟ་བ་སྟེ། ཚི་སྣའི་འདུས་ཚད་མཐོ་བའི་ཟས་རིགས་ཀྱིས་རྒྱུ་ལམ་ནང་གི་སྲིན་འབུ་ཚོགས་ལ་སྙོམ་སྦྱོར་བྱས་ཏེ་རྣམ་པ2པའི་གཅིན་སྙི་ཟ་ཁུའི་ནད་པའི་ཁྲག་མངར་ལ་ཚོད་འཛིན་བྱེད་ཐུབ་པར་མ་ཟད། ད་དུང་ལུས་པོའི་ལྗིད་ཚད་དང་ཁྲག་ཚིལ་ལ་ཚོད་འཛིན་བྱེད་པར་ཡང་ཕན་པ་ཡིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1