གསེར་རྟ་རྫོང་གི་གྲོང་སྡེ36གིས་མཉམ་སྡེབ་ཁེ་སྤོགས་བགོས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 07-28



 


        མཉམ་སྡེབ་དཔལ་འབྱོར་གྱི་ཁེ་སྤོགས་བགོ་ཡུལ་དུ་དཀར་མཛེས་ཁུལ་འབྱུང་འཕྲོད་ལྷད་མེད་སྐྱེ་ཁམས་ཞིང་ལས་ཚད་ཡོད་སྤྱི་གཉེར་ཁང་གིས་སྔ་སྣུར་དུ་སྒོར་ཁྲི500ཡི་མཉམ་སྡེབ་དཔལ་འབྱོར་གྱི“ཁེ་སྤོགས་བགོ་བའི”མ་དངུལ་གྲོང་སྡེ་ལ་སྤྲད་ཡོད། གསེར་རྟ་རྫོང་གི་ཡུལ་ཤོག7གྱི་དབུལ་ཐར་གྲོང་སྡེ36གི་འཐུས་མིས་ཁག་བགོས་ནས་མཉམ་སྡེབ་དཔལ་འབྱོར་གྱི་ཁེ་སྦོགས་སྒོར་ཁྲི13.8རེ་བླངས་པས་འབྲོག་པ་ཚོའི་ངོ་གདོང་ལ་བདེ་སྐྱིད་ཀྱི་འཛུམ་མདངས་ཁེངས་པ་རེད།

        ཁེར་སྐོར་ཡུལ་ཤོག་སྐྱི་རུ་མགོ་མ་གྲོང་སྡེ་གཉིས་པའི་ཧྲུའུ་ཅི་དང་པོ་འཆི་གཡང་གིས“མི་སེར་ཚང་མས་ལས་གཞི་འཛུགས་སྐྲུན་འདི་ལ་རྒྱབ་སྐྱོར་ཆེན་པོ་བྱེད་འདུག། སྔོན་ཆད་ང་ཚོའི་དཔལ་འབྱོར་ཡོང་འབབ་སྣེ་གཅིག་ཡིན་ཞིང་། རི་ཐོག་ལ་དབྱར་རྩྭ་དགུན་འབུ་རྐོ་སར་སོང་ནའང་ལོ་གཅིག་ལ་ཡོང་འབབ་མང་པོ་རག་ནི་མ་རེད། ད་ཆ་ང་ཚོས་ལྕུམ་རྩྭ་འདེབས་འཛུགས་བྱེད་སའི་ནང་ཞུགས་ནས་ཡོང་འབབ་ཡག་པོ་ཡོད་ལ། རེ་བ་བཅོལ་སའང་ཡོད་པར་བརྟེན། ངར་ཤུགས་ཇེ་རྒྱས་རེད། རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ང་ཚོར་གོ་སྐབས་འདི་འདྲ་ཡག་པོ་འདྲ་སྤྲད་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཐག་རིང་དུ་གླ་སར་འགྲོ་མི་དགོས་པར། ཁྱིམ་གྱི་སྒོ་ཁ་ནས་ཡོང་འབབ་རག་ཐུབ་པ་རེད”ཅེས་བཤད།

  

        ཤེས་རྟོགས་བྱུང་བར་གཞིགས་ན། གསེར་རྟ་རྫོང་གིས་གྲོང་སྡེ36གི་ཐོན་ལས་རོགས་སྐྱོར་མ་དངུལ་བསྡུ་སྒྲིལ་བྱས་ཏེ་ཁེར་སྐོར་ཡུལ་ཤོག་སྐྱི་རུ་མགོ་བ་གྲོང་སྡེའི་ས་རྒོད་ཐང་སྟོང་དུ་ལྕུམ་རྩྭ་འདེབས་འཛུགས་བྱེད་སར་བདམས་ནས“སྐྱེ་ཁམས་སྲུང་སྐྱོང་དང་ཐོན་ལས་གསོ་སྐྱོང་། བརྟན་ཁྲོད་འབབ་འཕར། རིན་ཐང་འཕར་སྣོན་འགན་ལེན། རྒྱུན་སྲིང་ཐུབ་པའི”ཐབས་ལམ་འཚོལ་ཞིབ་བྱས་ཏེ་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་ཤུགས་ཆེ་རུ་བཏང་བ་རེད། རྫོང་ཡོངས་ཀྱི་གྲོང་སྡེ36གི་མཉམ་སྡེབ་དཔལ་འབྱོར་ལ་མ་དངུལ་བསྡོམས་འབོར་སྒོར་ཁྲི1000བཏང་ནས་ས་མུའུ2500ལ་ཟིན་པའི་ནང་ལྕུམ་རྩྭ་འདེབས་འཛུགས་བྱས་ཤིང་། གན་རྒྱའི་ནང་ལོ5ཡི་ནང་ཚུན་དུ་སྨིན་ནས་འཐུ་རྗེས་སྒོར་ཁྲི2000ཕྱིར་སློག་བྱ་རྒྱུའི་ཁ་ཆད་བཞག་ཡོད་པ་རེད། འདེབས་འཛུགས་བྱེད་པའི་བརྒྱུད་རིམ་ནང་ལས་གཞི་དེས་ས་གནས་དེ་གའི་གྲོང་མིའི་གླ་པ་མང་པོ་སྤྱད་དེ་ལས་གཉེར་ཡོང་འབབ་སྒོར་ཁྲི་100ལྷག་ཙམ་ལ་ཟིན་པ་དང་། ས་ཞིང་འཁོར་རྒྱུག་བྱས་ནས་ཞིང་འབྲོག་པའི་ལྟ་སྐྱོང་རྟེན་གཞི་དང་གླ་པ་བསྡུས་ནས་ལོ་ལྟར་ས་གནས་དེ་གའི་ཞིང་འབྲོག་པར་ཡོང་འབབ་སྒོར་ཁྲི36ལྷག་ཙམ་ཡོང་གི་ཡོད་པ་རེད། ཉེ་བའི་ལོ་ཤས་རིང་ལྕུམ་རྩྭའི་སྐྱེ་ཚུལ་དགའ་འོས་པ་ཡིན་ཞིང་། ཁེ་ལས་ཀྱིས་མ་སྐུལ་དང་བླངས་ཀྱིས་སྔ་སྣུར་ཙམ་གྲོང་སྡེའི་མཉམ་སྡེབ་དཔལ་འབྱོར་གྱི་ཁེ་སྤོགས་སྒོར་ཁྲི500བགོས་བ་རེད། 

          “ང་ཚོའི་སྤྱི་གཉེར་ཁང་གིས་གཙོ་བོ་རྒྱ་བོད་སྨན་རྩྭ་གསོ་རིག་གི་སྨན་རྒྱུ་ཐོན་སྐྱེད་དང་བཟོ་སྣོན་འདེབས་འཛུགས་གཙོ་བོར་བྱེད་པ་དང་། རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ང་ཚོར་ལྕུམ་རྩྭ་ནང་འདྲེན་བྱས་ཡོད། ཀྲུང་གོ་ཚན་རིག་ཁང་དང་རྩྭ་ཐང་ཚན་རིག་ཁང་གི་རིགས་གཅིག་མཁས་ཅན་ཚོགས་པའི་ལག་རྩལ་འདེགས་སྐྱོར་འོག་ང་ཚོའི་ལས་གཞི་རྒྱུན་མཐུད་དང་སྟོབས་ཆེར་གཏང་རྒྱུའི་ཡིད་ཆེས་ཆེན་པོ་ཡོད། མིག་སྔར་ལྕུམ་རྩྭ་འདེབས་འཛུགས་རྒྱ་ཁྱོན་མུའུ་དྲུག་སྟོང་ལྷག་ཙམ་ལ་ཟིན་གྱི་ཡོད་ལ། རྗེས་མཐུད་དུ་མ་དངུལ་གཏོང་འཇོག་ཇེ་མང་དུ་གཏང་རྒྱུ་ཡིན”ཞེས་དཀར་མཛེས་འབྱུང་འཕྲོད་ལྷད་མེད་སྐྱེ་ཁམས་ཞིང་ལས་ཚད་ཡོད་སྤྱི་གཉེར་ཁང་གི་ལས་འཛིན་གཞོན་པ་ཞང་ཅུན་གྱིས་དེ་ལྟར་བཤད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1