ཡུན་ནན་བདེ་ཆེན་དུ་ནགས་སྐ་རགས་བྲག་ཕུག་གི་བོད་ཡིག་གནའ་གཞུང་སྲུང་སྐྱོབ་རྣམ་གྲངས་ ཀྱི་སྒོ་བྱང་བཀལ་བ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 08-01



 

     ཤིན་ཧྭ་གསར་འགྱུར་ཁང་ཁུན་མིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་ཁབ་དཔེ་མཛོད་ཁང(རྒྱལ་ཁབ་གནའ་གཞུང་སྲུང་སྐྱོབ་ལྟེ་གནས)གིས་སྣེ་ཁྲིད་ནས་སྒྲིག་འཛུགས་བྱས་པའི་ནགས་སྐ་རགས་བྲག་ཕུག་གི་བོད་ཡིག་གནའ་གཞུང་སྲུང་སྐྱོབ་རྣམ་གྲངས་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་ཡི་དཔེ་མཛོད་ཁང་དུ་དངོས་སུ་སྒོ་བྱང་བཀལ་བ་ལས་ནགས་སྐ་རགས་བྲག་ཕུག་ཏུ་ཉར་ཚགས་བྱས་པའི་དཔེ་ཆ་2018ལོར་མྱུར་སྐྱོབ་རང་བཞིན་གྱི་སླར་གསོ་བྱས་རྗེས་སྲུང་སྐྱོབ་དང་བེད་སྤྱོད་ཐད་འགག་རྩའི་གོམ་སྟབས་སྤོས་པ་མཚོན་ཡོད།

    ནགས་སྐ་རགས་བྲག་ཕུག་གི་བོད་ཡིག་གནའ་གཞུང་སྲུང་སྐྱོབ་རྣམ་གྲངས་དེ་རྒྱལ་ཁབ་དཔེ་མཛོད་ཁང(རྒྱལ་ཁབ་གནའ་གཞུང་སྲུང་སྐྱོབ་ལྟེ་གནས)དང་པེ་ཅིང་ཀུ་ཤུ་དགེ་སྒྲུབ་ཐེབས་རྩ་ལྷན་ཚོགས་ཀྱིས་ཡུན་ནན་ཞིང་ཆེན་དཔེ་མཛོད་ཁང(ཡུན་ནན་ཞིང་ཆེན་གནའ་གཞུང་སྲུང་སྐྱོབ་ལྟེ་གནས)དང་མཉམ་དུ་སྤེལ་བ་ཞིག་རེད། རྣམ་གྲངས་དེ་ནི་རྒྱལ་ཁབ་དཔེ་མཛོད་ཁང་དང་པེ་ཅིང་ཀུ་ཤུ་དགེ་སྒྲུབ་ཐེབས་རྩ་ལྷན་ཚོགས་དབར་འབྲེལ་ཡོད་བོད་ཡིག་གནའ་གཞུང་སྲུང་སྐྱོབ་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་བཀོད་རྗེས་ཀྱི་གཙོ་གནད་རྣམ་གྲངས་ཐོག་མ་དེ་ཡིན་པ་དང་། ནང་དོན་ཐད་དཔེ་ཆའི་གླེགས་ཤིང་དང་། དཔེ་སྒྲོམ་བཀོད་སྒྲིག དཔེ་ཆ་གྲངས་གཞི་ཅན་དུ་འགྱུར་བ་སོགས་ཚུད་ཡོད་པ་རེད།

    2010ལོར་བདེ་ཆེན་ཀྲོའུ་དཔེ་མཛོད་ཁང་གི་གནའ་གཞུང་རྟོག་ཞིབ་ཚོགས་ཆུང་གིས་ས་གནས་དེ་གའི་སྨན་རྩྭ་འཐུ་མཁན་ཞིག་གིས་བརྗོད་པའི་སེམས་ཀྱི་ཉི་ཟླ་ནས་བར་ཐག་སྤྱི་ལེ་100ཙམ་ཡོད་པའི་བྲག་ཕུག་ཅིག་ནང་བོད་ཡིག་གི་དཔེ་ཆ་མི་ཉུང་བ་ཡོད་པ་ཤེས་རྗེས། རྟོག་ཞིབ་ཚོགས་ཆུང་གིས་འཕྲལ་མར་བྱ་སྤྱོད་སྤེལ་ནས་བོད་ཡིག་གི་དཔེ་ཆ་སྣ་ཁ་10ལྷག་ཙམ་དང་ཤོག་ལྷེ་2000ལྷག་ཙམ་བསྔོགས་པ་དང་ཕྱིས་སུ་དེར“ནགས་སྐ་རགས་བྲག་ཕུག་གི་དཔེ་ཆ”ཞེས་གྲགས། 2014ལོའི་ཟླ་9པར་རྒྱལ་ཁབ་གནའ་གཞུང་སྲུང་སྐྱོབ་ལྟེ་གནས་དང་ཡུན་ནན་ཞིང་ཆེན་གནའ་གཞུང་སྲུང་སྐྱོབ་ལྟེ་གནས་ཀྱིས་མཉམ་དུ་དང་བླངས་པ་དང་རྐང་འཛིན་ལག་རྩལ་མི་སྣ་སྒྲིག་འཛུགས་བྱས་ཏེ་དེར་མྱུར་སྐྱོབ་རང་བཞིན་གྱི་སླར་གསོ་བྱས་པ་དང་། 2018ལོའི་ཟླ་9པར་ལས་མཇུག་འགྲིལ་ནས་བོད་ཡིག་གི་གནའ་གཞུང་ཤོག་ལྷེ་2285སླར་གསོ་ཐུབ་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1