སྤྱི་ཟླ་3པའི་ཚེས་18ཉིན། གསར་འགོད་པས་སི་ཁྲོན་ཁྲེན་ཏུའུ་རྒྱ་ལུགས་གསོ་རིག་སྨན་རྫས་སློབ་ཆེན་དུ་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་གིས་མངགས་བཅོལ་འོག་ཁྲེན་ཏུའུ་རྒྱ་ལུགས་གསོ་རིག་སྨན་རྫས་སློབ་ཆེན་གྱིས་སྒྲུབ་འགན་འཁུར་བའི་དཀར་མཛེས་བོད་ལུགས་གསོ་རིག་སྨན་རྫས་ཀྱི་མི་དར་མའི་དངོས་གཞིའི་འཛིན་གྲྭ་ཐོག་མ་དེ་དངོས་སུ་བཙུགས་ཤིང་། རབས་དང་པོར་སློབ་མ་གསར་པ་48བསྡུ་རྒྱུ་དང་བོད་ལུགས་གསོ་རིག་སྨན་རྫས་ཆེད་མཁས་པ་10ལྷག་གིས་དགེ་རྒན་གྱི་འགན་འཁུར་བའི་གན་རྒྱ་བཞག འདི་ལྟར་ལོ་5ཡི་ནང་དུ་བོད་ལུགས་གསོ་རིག་གི་དངོས་གཞིའི་ཤེས་ལྡན་མི་སྣ་100ལ་རིན་མེད་གསོ་སྦྱོང་བྱ་རྒྱུ་རེད།
དཀར་མཛེས་ཁུལ་བོད་ལུགས་གསོ་རིག་སྨན་རྫས་ལ་ལོ་རྒྱུས་ཡུན་རིང་ལྡན་པས། དཀར་མཛེས་ཁུལ་གྱི་ཟུར་ལུགས་བོད་ཀྱི་གསོ་རིག་སྨན་རྫས་དེ་རབས་དང་པོའི་རྒྱལ་ཁབ་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་ཀྱི་གྲས་སུ་བཞག་ཡོད། མིག་སྔར། དཀར་མཛེས་ཁུལ་དུ་ལས་གནས་སུ་ཞུགས་ཡོད་པའི་བོད་ལུགས་གསོ་རིག་སྨན་རྫས་ཀྱི་ཆེད་ལས་ལག་རྩལ་མི་སྣ་446ཡོད་ཅིང་། ཁོ་ཚོ་མང་ཆེ་བ་ནི་སློབ་གྲྭ་ཆེ་བ་དང་ཆེད་ཚན་སློབ་གྲྭ་ནས་མཐར་ཕྱིན་པ་ཡིན་ལ། དམའ་རིམ་དང་དེའི་མན་གྱི་མིང་བཏགས་མི་གྲངས་338ཡོད་ལ། མཐོ་རིམ་ཤེས་ལྡན་མི་སྣ་དཀོན་པའི་གནས་ཚུལ་དེས་བོད་ལུགས་གསོ་རིག་སྨན་རྫས་ཀྱི་འཕེལ་རྒྱས་ལ་འགོག་རྐྱེན་ཐེབས་བཞིན་ཡོད།
གནས་ཚུལ་རྒྱུས་ལོན་པ་ལྟར་ན། ད་ལོའི་ལོ་སྨད་དུ་དཀར་མཛེས་ཁུལ་གྱིས་མུ་མཐུད་དུ་མཐོ་རྒྱུགས་ཀྱི་རྣམ་པའི་སྒོ་ནས་སློབ་མ་52བསྡུ་རྒྱུ་ཡིན་ལ། སློབ་མའི་སློབ་རིན་དང་འགྲོ་སོང་གཞན་དག་ཚང་མ་མེད་པར་བཟོ་རྒྱུ་ལས་གཞན། ད་དུང་སློབ་མར་འཚོ་བའི་རོགས་དངུལ་ངེས་ཅན་རེ་སྤྲོད་རྒྱུ་ཡིན་འདུག །