ཚེས30ཉིན་གྱི་ཕྱི་དྲོ། གསར་འགོད་པར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་ལོ་སྟོད་ཀྱི་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་གི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་ཚུན་དུ་རྙོག་འཛིང་ཆེ་ལ་དཀའ་ཚེགས་ཆེ་བའི་དུས་བབ་མདུན་དུ་ལྗོངས་ཡོངས་ཀྱི་དཔལ་འབྱོར་བརྟན་ཐོག་ཡར་འཕེལ་བྱུང་ཡོད། ལོ་སྟོད་དུ་ལྗོངས་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་973.24ཟིན་ནས་དུས་མཚུངས་ལས་4.8%འཕར་ཞིང་། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར་48.30%ཟིན་ནས་0.3%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར་354.31ཟིན་ནས་1.0%འཕར་བ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར་570.63ཟིན་ནས་7.0%འཕར་ཡོད་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། ལོ་སྟོད་དུ་ཞིང་ལས་ཐོན་སྐྱེད་བརྟན་པོ་རྒྱུན་འཁྱོངས་བྱུང་བ་དང་ཐོན་རྫས་ཀྱི་ཐོན་ཚད་རྒྱུན་མཐུད་འཕར་ནས་ཞིང་ནགས་འབྲོག་ཉ་བཅས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་68.11ཟིན་པ་དེ་དུས་མཚུངས་ལས་1.5%འཕར་ཡོད། བཟོ་ལས་ཐོན་སྐྱེད་རྒྱུན་མཐུད་དང་མགྱོགས་མྱུར་འཕར་བ་དང་ཁེ་ལས་ཀྱི་གཉེར་སྐྱོང་ནུས་པ་རྒྱུན་མཐུད་ཆེ་རུ་ཕྱིན་ནས། ལྗོངས་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་དུས་མཚུངས་ལས་16.9%འཕར་ཡོད།
ཡུལ་སྐོར་ཁྲོམ་ར་རིམ་བཞིན་སླར་གསོ་བྱུང་བ་དང་འཛད་སྤྱོད་ཁྲོམ་རའི་འཕར་ཚད་མཐོ་རུ་ཕྱིན་ཞིང་། ཡུལ་སྐོར་སྡེ་ཚན་གྱིས་བསྡོམས་རྩིས་བྱས་པར་གཞིགས་ན། ལོ་སྟོད་དུ་ལྗོངས་ཡོངས་ཀྱིས་རིམ་རྩིས་བྱས་ན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་1717.4ལ་སྣེ་ལེན་ཞུས་པར། ཡུལ་སྐོར་ཡོང་འབབ་ཁྱོན་སྒོར་དུང་ཕྱུར་176.52བྱུང་ཡོད། ཟླ་6པའི་ཟླ་འགོར་རང་སྐྱོང་ལྗོངས་ཀྱི་འཛད་སྤྱོད་སྲིད་ཇུས་རབ་དང་རིམ་པ་དོན་ཐོག་ཏུ་འཁྱོལ་ནས་ཕན་འབྲས་ཐོན་པ་དང་ཡུལ་སྐོར་ཁྲོམ་ར་རིམ་བཞིན་སླར་གསོ་བྱུང་བ་དང་བསྟུན་ནས་ཟླ་6པའི་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་འཕར་ཚད་དེ་ཟླ་5པ་ལས་བརྒྱ་ཆའི་གྲངས་10.3མཐོ་རུ་ཕྱིན་ཞིང་། ལོ་སྟོད་ཀྱི་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་འཕར་ཚད་མཐོ་རུ་འགྲོ་བར་སྐུལ་ཁྲིད་ཐུབ་ཡོད། ལོ་སྟོད་དུ་ལྗོངས་ཡོངས་སུ་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་351.65ཟིན་པ་དེ་དུས་མཚུངས་ལས་1.5%འཕར་ཡོད་པ་རེད།
ཞབས་ཞུའི་ལས་རིགས་འཕར་ཚད་མགྱོགས་པོ་ཡོད་པ་དང་། ལས་རིགས་ཁག་གཅིག་གི་སྐུལ་ཁྲིད་མངོན་གསལ་དོད་པོ་བྱུང་སྟེ། ལྗོངས་ཡོངས་ཀྱི་ཞབས་ཞུའི་ལས་རིགས་ཀྱི་འཕར་ཐང་དུས་མཚུངས་ལས་7%འཕར་ཡོད། ཟླ་དང་པོ་ནས་ལྔ་པའི་བར་ལྗོངས་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་ཞབས་ཞུའི་ལས་རིགས་ཁེ་ལས་ཀྱི་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་73.76ཟིན་པ་དེ་དུས་མཚུངས་ལས་1.1%འཕར་ཡོད།
དེ་དང་ཆབས་ཅིག་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་རྒྱུན་མཐུད་འཕར་བ་དང་འཛད་སྤྱོད་རིན་གོང་གི་གྲངས་གཞིའི་སྟོན་གྲངས་འཕར་ཚད་ལོ་འཁོར་གྱི་དམིགས་ཚད་ཁྱབ་ཁོངས་སུ་ཚོད་འཛིན་བྱས་པ་དང་ལོ་སྟོད་དུ་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་23975ཟིན་པ་དེ་དུས་མཚུངས་ལས་8.0%འཕར་བ་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་5705ཟིན་པ་དེ་དུས་མཚུངས་ལས་11.1%འཕར་ཡོད་པ་རེད།
འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་རིམ་བཞིན་ལེགས་སུ་ཕྱིན་པ་དང་། འགྲིམ་འགྲུལ་སྡེ་ཚན་གྱིས་བསྡོམས་རྩིས་བྱས་པར་གཞིགས་ན། ལོ་སྟོད་དུ་ལྗོངས་ཡོངས་སུ་འགྲུལ་པ་དང་ཡུལ་སྐོར་བ་སྐྱེལ་འདྲེན་བྱེད་ཚད་མི་ཁྲི་541.69ཟིན་པ་དང་། དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི་2002.3ཟིན་པ་དེ་དུས་མཚུངས་ལས་6.4%འཕར་ཡོད་པ་རེད།
ཁྲོམ་རའི་བྱེད་པོའི་དུད་ཚང་འཕར་ཚད་བརྟན་པོ་བྱུང་བ་དང་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་བསྡོམས་རྩིས་བྱས་པར་གཞིགས་ན། ཟླ་དྲུག་པའི་ཟླ་མཇུག་བར་ལྗོངས་ཡོངས་ཀྱི་ཁྲོམ་རའི་བྱེད་པོ་དངོས་སུ་ཐོ་འགོད་བྱེད་མཁན་དུད་ཚང་ཁྲི་42.67ཟིན་པ་དེ་དུས་མཚུངས་ལས་10.7%འཕར་ཡོད། ཟླ་6པར་ཁྲོམ་རའི་བྱེད་པོ་ཐོ་འགོད་བྱེད་མཁན་དུད་ཚང་དུས་མཚུངས་ལས་3.2%འཕར་ཡོད། ལས་ཞུགས་དུས་བབ་བརྟན་ཐོག་ཡར་འཕེལ་བྱུང་བ་དང་ལོ་སྟོད་དུ་གྲོང་ཁྱེར་དང་གྲོང་རྡལ་དུ་མི་ཁྲི་2.2གསར་དུ་ལས་ཞུགས་ཐུབ་པ་དེ་དུས་མཚུངས་ལས་1.9%འཕར་ཡོད་པ་རེད། །