༄༅།།སྣང་སྟོང་ཟུང་འཇུག་ལ་དཔྱད་པ་རིན་ཆེན་ཚིག་ཕྲེང་ཞེས་བྱ་བ་བཞུགས་སོ།

སྐྱོར་དཔོན་སྐལ་བཟང་རྒྱ་མཚོ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།དགེ་ལུགས་པའི་དྲ་བ། སྤེལ་དུས། 08-03


    

  ཁྱོད་ཐུགས་ཟབ་བརླིང་ཡངས་པ་མ་དྲོས་མཚོ།། 

 དཔག་ཡས་ཡོན་ཏན་རིན་ཆེན་ནོར་གྱིས་གཏམས།། 

 འགྲོ་ལ་སྨན་པའི་འཕྲིན་ལས་རླབས་ཀྱི་ཕྲེང་།། 

 དུས་ཀུན་གཡོ་བའི་མཇམ་མགོན་བླ་མར་འདུད།། 

    དེ་ཡང་སྤྱི་ལོ་༢༠༡༦ལོར་དཀར་མཛེས་བཀྲིས་བཤད་སྒྲུབ་ནོར་བུའི་གླིང་དུ་མདོ་ཁམས་ལྗོངས་ཀྱི་མཁས་པའི་བགྲོ་གླེང་ཐེངས་གསུམ་པའི་སྐབས་ཀྱི་དྲི་བ་༡༦པའི་ལན་ལ་ཁ་བསྐང་དང་བརྗེད་གསོ་ཙམ་གྱི་ཕྱིར་དུ་ཅུང་ཟད་འབྲི་བར་བྱེད་པ།   དེ་ཡང་རྩ་ཤེས་ཊཱིཀ་ཆེན་རབ་བྱེད་བརྒྱད་པ་ལས།   དེ་ལྟ་བའི་རང་བཞིན་གྱིས་སྟོང་བའི་དོན་རྟེན་འབྱུང་གི་དོན་དུ་མ་རྟོགས་པར་དུ་ཞེས་སོགས་ཀྱི་དོན་འོལ་སྤྱི་ཙམ་ཞིག་འགྲེལ་བ་ལ།  དེ་ལྟ་བུའི་རང་བཞིན་གྱིས་སྟོང་ཞེས་པའི་རང་བཞིན་གྱིས་སྟོང་ལུགས་ནི་རང་དབང་བའི་སྟོང་ལུགས་ཡིན་ལ།   དེ་ཡང་རང་དབང་དུ་ཡོད་ན་གཞན་གང་ལ་ཡང་མ་ལྟོས་པར་ཚུགས་ཐུབ་ཏུ་གྲུབ་དགོས་ཏེ།    བཞི་བརྒྱ་བའི་འགྲེལ་བ་ལས།    འདི་ན་གང་གི་ངོ་བོ་དང་རང་བཞིན་དང་རང་དབང་དང་།    གཞན་ལ་རག་མ་ལས་པ་ཉིད་ཡིན་པ་དེ་ལ་ནི།  ཞེས་དང་།    ལྷག་མཐོང་ཆེན་མོ་ལས་ཀྱང་།    རང་དབང་བ་ནི་རང་གི་ངོ་བོས་གྲུབ་པར་སྣང་བའི་ཚེ་ན།  ཤེས་པ་དེ་དག་ལ་གཞན་ལ་རག་མ་ལས་སུ་སྣང་ཞིང་སྣང་བ་ལྟར་ཡང་གྲུབ་པའི་དོན་ནོ།།  ཞེས་དང་།   ཡུལ་སྟེང་དུ་རང་གི་ངོ་བོའི་སྒོ་ནས་རང་ཚུགས་ཐུབ་པའི་སྡོད་ལུགས་ལ་རང་དབང་བར་བྱའོ།    ཞེས་གསུངས་པ་ལྟར་དེ་དག་རྣམ་གྲངས་ཡིན་ལ།   དེའི་ཕྱིར་རང་བཞིན་གྱིས་གྲུབ་ན་ཡུལ་སྟེང་དུ་རང་ཚུགས་ཐུབ་པ་ཞིག་དགོས་ཀྱང་།    ཆོས་རྣམས་ཀྱི་སྡོད་ལུགས་ནི་དེ་འདྲ་མ་ཡིན་པར་ཡུལ་གྱི་ངོས་ནས་རང་ཚུགས་མི་ཐུབ་པའི་ཚུལ་དུ་ཡོད་དེ།   དཔེར་ན།    ཤིང་དུ་མ་ཕྱོགས་གཅིག་ཏུ་བསྡུས་ནས་གནས་ཁང་ཕུབ་པའི་ཚེ་ན།   འདི་གནས་ཁང་ངོ་སྙམ་པའི་རྟོག་པས་བཞག་པ་ཙམ་དུ་གསར་དུ་གྲུབ་ཅིང་།    རྟོག་པས་དེ་ལྟར་མ་བཞག་གོང་དུ་ཤིང་སོ་སོའི་སྟེང་དུ་གནས་ཁང་མེད་པས་ཡུལ་རང་ངོས་ནས་མ་གྲུབ་པ་ཡིན་ལ།   དེ་ཚུགས་ཐུབ་ཏུ་ཡང་མེད་དེ་ཤིང་སོ་སོར་བྲལ་ན་གནས་ཁང་ངོ་སྙམ་པའི་བློ་འདོར་བའི་ཕྱིར་རོ།།   འོ་ན་ཐལ་འགྱུར་བའི་ལུགས་ལ་གནས་ཁང་དེ་མེད་པར་འགྱུར་ཏེ་བཏགས་དོན་བཙལ་ཚེ་རྙེད་པ་མེད་པའི་ཕྱིར་རོ་ཞེ་ན།    སྐྱོན་མེད་དེ་དེ་འདྲའི་གདགས་གཞི་ལ་བརྟེན་ནས་བློ་ལྷན་སྐྱེས་ལ་གནས་ཁང་སྣང་ཙམ་དེ་ཉིད་གནས་ཁང་ཡིན་ཏེ།   དེ་འཇིག་རྟེན་ན་གནས་ཁང་དུ་གྲགས་ཤིང་།    དེ་གནས་ཁང་ཡིན་པ་ལ་ཐ་སྙད་པའི་ཚད་མས་ཀྱང་མི་གནོད།   རིགས་ཤེས་ཀྱིས་ཀྱང་མི་གནོད་པའི་ཕྱིར་རོ།།     དེ་ལྟར་ཡང་ལྷག་མཐོང་ཆེན་མོ་ལས།    དེ་ལ་ཐ་སྙད་དུ་ཡོད་པར་འདོད་པ་དང་མེད་པར་འདོད་པ་ནི་ཇི་འདྲ་བ་ཞིག་གི་སྒོ་ནས་འཇོག་པ་ཡིན་ཞེ་ན།    ཐ་སྙད་པའི་ཤེས་པ་ལ་གྲགས་པ་ཡིན་པ་དང་།  ཇི་ལྟར་གྲགས་པའི་དོན་དེ་ལ་ཐ་སྙད་པའི་ཚད་མ་གཞན་གྱིས་གནོད་པ་མེད་པ་དང་།  དེ་ཁོ་ན་ཉིད་ལའང་རང་བཞིན་ཡོད་མེད་ཚུལ་བཞིན་དུ་དཔྱོད་པའི་རིགས་པའི་གནོད་པ་མི་འབབ་པ་ཞིག་ནི་ཐ་སྙད་དུ་ཡོད་པར་འདོད་ལ།   དེ་ལས་ལྡོགཔ་ནི་མེད་པར་འདོད་དོ།།    ཞེས་གསུངས་སོ།།  དེས་ན་གོང་གི་རྟེན་འབྱུང་གི་དོན་དུ་འགྲོ་ཞེས་པའི་རྟེན་འབྱུང་གི་དོན་ནི།   མ་དྲོས་པས་ཞུས་པའི་མདོ་ལས།     །གང་ཞིག་རྐྱེན་ལས་སྐྱེ་བ་དེ་མ་སྐྱེས།      །དེ་ལ་ངོ་བོ་ཉིད་ཀྱིས་སྐྱེ་བ་མེད།    །གང་ཞིག་རྐྱེན་ལ་ལྟོས་པ་དེ་སྟོང་གསུངས།   གང་གིས་སྟོང་ཉིད་ཤེས་དེ་བག་ཡོད་ཡིན།   །ཞེས་དང་།  ཚིག་གསལ་ལས།     དེའི་ཕྱིར་དངོས་པོ་རྣམས་ཀྱི་འབྱུང་བ་རྒྱུ་དང་རྐྱེན་ལ་ལྟོས་པ་ནི་རྟེན་ཅིང་འབྲེལ་བར་བྱུང་བའི་དོན་ནོ་ཞེས་གསུངས་ལ།    ཚིག་གསལ་གྱི་ལུང་དེའི་དོན་ནི་གྲུབ་མཐའ་ལྷུན་པོའི་མཛེས་རྒྱན་ལས།     དེ་ལྟར་ན་ཚིག་གསལ་གྱི་ལུང་དེའི་དངོས་པོ་འབྱུང་བ་ཞེས་པའི་འབྱུང་བའི་དོན་སྐྱེ་བ་ཙམ་ལ་བྱས་ན་གཏན་ཚིགས་སྔ་མ་དང་།    གྲུབ་པ་དང་ཡོད་པ་ལ་བྱས་ན་གཏན་ཚིགས་ཕྱི་མ་གཉིས་ཀྱང་སྟོན་ནོ།།    རྒྱུ་དང་རྐྱེན་ལ་ཞེས་བྱ་བ་ནི་མྱུ་གུའི་ཉེ་བར་ལེན་པའི་རྒྱུ་ས་བོན་དང་རྐྱེན་ཆུ་ལུད་སོགས་ཙམ་ལ་བྱས་ན་གཏན་ཚིགས་སྔ་མ་དང་།     བདག་ཉིད་ཀྱི་ངོ་བོར་གྲུབ་པའི་རྒྱུ་གདགས་གཞིའམ་ཆ་ཤས་ལ་བྱས་ན་གཏན་ཚིགས་བར་བ་དང་།     རང་རང་འདོགས་བྱེད་ཀྱི་རྟོག་པ་ལ་བྱས་ན་གཏན་ཚིགས་ཕྱི་མ་སྟོན་ནོ།།   ཞེས་གསུངས་པའི་ཕྱི་མ་ལ་བྱ་ལ།   མདོར་ན་གདགས་གཞི་ལ་བརྟེན་ནས་མིང་དང་རྟོག་པས་ཕར་བཏགས་དུ་གྲུབ་པའི་དོན་ལ་བྱེད་དོ།།   དེས་ན་རང་བཞིན་གྱིས་སྟོང་བ་དང་རྟེན་འབྱུང་གཉིས་གཅིག་གཅིག་གི་དོན་དུ་འགྲོ་ཚུལ་ཡང་མཚན་མཚོན་ལྟ་བུའི་དོན་དུ་འགྲོ་བའི་དོན་མ་ཡིན་གྱི།    ཕན་ཚུན་གཅིག་གཅིག་བློ་ཡུལ་དུ་སོང་བས་གཅིག་ཤོས་ལ་གོ་བ་སྟེར་ལུགས་ཁྱད་པར་བ་ཡོད་པའི་དོན་ཡིན་ཏེ།    རང་དབང་བར་མེད་པ་བློ་ངོར་ཤར་བ་ན་གཏན་མེད་དུ་མི་འཆར་བར་བློ་དེའི་མཐུས་གཞན་ལ་ལྟོས་ནས་ཡོད་པར་བློ་ངོར་ངང་གིས་འཕེན་པ་དང་།   རྟེན་འབྱུང་དུ་ཡོད་པ་བློ་ངོར་ཤར་བ་ན་བྱུང་བ་ཙམ་ཞིག་མི་འཆར་བར་བློ་དེའི་མཐུས་གཞན་གང་ལའང་མི་ལྟོས་པའི་རང་དབང་ཞིག་མེད་པར་ངང་གིས་འཆར་ལ་དེ་ནི་དེ་གཉིས་ཕན་ཚུན་གཅིག་གཅིག་གི་དོན་དུ་འགྲོ་ཚུལ་ཡིན་ནོ།    དེ་ལྟར་བརྒྱ་བ་ལས།    གང་ལ་བརྟེན་ནས་འབྱུང་ཡོད་པ།    །དེ་ནི་རང་དབང་མི་འགྱུར་རོ།     །འདི་ཀུན་རང་དབང་མེད་པ་སྟེ།    །དེས་ན་བདག་ནི་ཡོད་མ་ཡིན།     །ཞེས་སོ།        དེ་བཞིན་དུ་བསྟོད་འགྲེལ་ཆེན་མོ་ལས།      རང་བཞིན་མེད་པ་ཤེས་པའི་དབུ་མ་བའི་བློ་ངོར་གཅིག་གིས་གཅིག་ལ་གོ་བ་སྟེར་ལུགས་ཤིག་ཡིན་པར་རྩ་ཤེས་ཊཱིཀ་ཆེན་ལས་གསུངས་སོ།།   ཞེས་པ་ལྟར་རོ།།    ཡང་དྲི་ཟུར་གཅིག་ལ་ལམ་རིམ་ཆེན་མོ་ལས།     དེས་ན་རིགས་པས་རྣམ་པར་དཔྱད་པ་ན།    གང་ཟག་ལ་སོགས་པ་ལ་རང་གི་ངོ་བོས་གྲུབ་པའི་ཡུལ་སྟེང་དུ་སྡོད་ཚུལ་ཅུང་ཟད་ཀྱང་མི་འདུག་གོ་སྙམ་པ་དང་།    དེ་ལ་བརྟེན་ནས་སྣང་བ་འདི་རྣམས་ཀྱང་བན་བུན་དུ་འཆར་བ་ཙམ་དཀའ་བ་མིན་གྱི།     དེ་འདྲ་དེ་དབུ་མའི་གྲུབ་མཐའ་ལ་མོས་ཤིང་རང་བཞིན་མེད་པའི་ཚུལ་སྟོན་པའི་ཆོས་ཐན་ཐུན་ཐོས་པ་ཐམས་ཅད་ལ་འོང་ཡང་ཞེས་པའི་དོན་ནི།   བྲ་ཏི་རིན་ཆེན་དོན་གྲུབ་ཀྱི་ལམ་རིམ་མཆན་འགྲེལ་ལས།    རང་ངོས་ནས་གྲུབ་པའི་རང་བཞིན་ཁེགས་ཐག་ཆོད་ཀྱི་ངེས་པ་རྣམ་དག་མ་སྐྱེས་ཀྱང་དཔྱོད་ལུགས་དེའི་དབང་གིས་གང་ཟག་ལ་སོགས་པ་དེ་དག་གི་རང་ཚུགས་མ་ཐུབ་པ་ལྟ་བུར་སྣང་བ་ཞིག་བྱུང་བ་ན་གང་ཟག་སོགས་དེ་དག་ལྟ་བུ་རང་གི་ངོ་བོས་གྲུབ་པའི་ཡུལ་སྟེང་དུ་སྡོད་ཚུལ་ཅུང་ཟད་ཀྱང་མི་འདུག་གོ་སྙམ་པ་ཞིག་ལྷང་གིས་འབྱུང་བ་དང་ཞེས་གསུངས་པ་ལྟར་དགག་བྱའི་གྲུབ་ཚད་ལེགས་པར་ངོས་མ་ཟིན་པར་བཏགས་དོན་བཙལ་ཚེ་མ་རྙེད་པ་ན་རང་གི་ངོ་བོས་གྲུབ་པ་མི་འདུག་གོ་སྙམ་དུ་འོལ་སྤྱི་ཙམ་གྱིས་སྟོང་བའི་གོ་བ་འཆར་བ་དཀའ་བ་མིན་པའི་དོན་ཡིན་པར་མཁས་པའི་གསུང་རྒྱུན་ལ་འདུག་གོ །   འོ་ན་དཀའ་ས་དེ་གང་ཡིན་ཞེ་ན།     གཞི་གང་ཟག་ལྟ་བུ་གདགས་གཞི་ཕུང་བོ་ལྔ་ལ་བཏགས་ཙམ་ལས་གཞན་དུ་ཚོགས་པ་དང་ཆ་ཤས་གང་གི་ངོས་ནས་བཙལ་ཀྱང་མི་རྙེད་ལ་དེའི་ཕྱིར་རང་ངོས་ནས་མ་གྲུབ་མོད་འོན་ཀྱང་དེ་ཉིད་ཐ་སྙད་དུ་ལས་གསོག་པ་པོ་དང་འབྲས་བུ་མྱོང་བ་བོ་སོགས་ལ་འཇོག་པར་ངེས་པ་གཏིང་ནས་འདྲོངས་ཏེ་རང་ངོས་ནས་མེད་ཀྱང་ཐ་སྙད་དུ་ཡོད་པ་གཉིས་ཚོགས་འཇོག་ཐུབ་པ་དེ་ཉིད་ཡིན་ཏེ།     ལམ་རིམ་ཆེན་མོ་ལས།     རང་གི་ངོ་བོས་གྲུབ་པའི་རང་བཞིན་མ་ལུས་པར་ཁེགས་པ་དང་རང་བཞིན་མེད་པའི་གང་ཟག་ལ་སོགས་པ་དེ་ཉིད་ལས་གསོག་པ་པོ་དང་འབྲས་བུ་མྱོང་བ་བོ་ལ་སོགས་པར་འཇོག་པ་ལ་ངེས་པ་གཏིང་ནས་འདྲོངས་ཏེ།    དེ་རྣམས་སུ་འཇོག་ཐུབ་པའི་གཉིས་ཚོགས་དེ་སྲིད་མཐའ་ཙམ་དུ་སོང་བས་དབུ་མའི་ལྟ་བ་ཤིན་ཏུ་རྙེད་དཀའ་བ་ཡིན་ནོ། །  ཞེས་གསུངས་སོ། །   དེ་བཞིན་དུ་ལམ་གཙོ་ལས།    སྣང་བ་རྟེན་འབྲེལ་བསླུ་བ་མེད་པ་དང་།     །སྟོང་བ་ཁས་ལེན་བྲལ་བའི་གོ་བ་གཉིས།   །ཇི་སྲིད་སོ་སོར་སྣང་བ་དེ་སྲིད་དུ།     །ད་དུང་ཐུབ་པའི་དགོངས་པ་རྟོགས་པ་མེད།     །ཅེས་གསུངས་པ་ལྟར་རང་བཞིན་གྱིས་མེད་པ་གཏན་ལ་ཕབ་པ་ན་དགག་བྱའི་གྲུབ་ཚད་ལེགས་པོར་ངོས་མ་ཟིན་པར་ཐལ་ཆེ་སྟེ་སྟོང་བའི་གོ་བ་གནད་དུ་མ་སོང་བ་ལ་བརྟེན་ནས་སྟོང་བ་དང་རྟེན་འབྱུང་གཉིས་ཀྱི་གོ་བ་ཚ་གྲང་ལྟར་འགལ་འདུར་སོང་བ་ན་ད་དུང་ཐུབ་པའི་དགོངས་དོན་ཕྱིན་ཅི་མ་ལོག་པ་ཡང་དག་པའི་སྟོང་ཉིད་ཀྱི་ལྟ་བ་རྟོགས་པ་མེད་པའི་དོན་ཡིན་ཏེ།    ལམ་གཙོའི་དགོངས་འགྲེལ་ལུང་རིགས་གཏེར་མཛོད་ལས།    དོན་གཉིས་པོ་ཇི་སྲིད་ཀྱི་བར་དུ་སོ་སོར་འཛིན་སྟངས་ཐ་དད་པས་གཅིག་གིས་གཅིག་ཤོས་འགོག་པར་སྣང་བ་སྟེ།     ཚ་གྲང་ལྟར་འགལ་བར་བཟུང་བ་དེ་སྲིད་དུ་སྔར་བཤད་པའི་དབུ་མའི་ལྟ་བ་རྣམ་དག་རྒྱུད་ལ་སྐྱེ་བའི་སྐབས་མེད་དེ།     སྣང་སྟོང་ཟུང་དུ་འཇུག་པའི་གནད་འདི་ལ་ད་དུང་བར་དུ་ངེས་པ་མ་འདྲོངས་ན་བདུད་བཞིའི་དགྲ་ཚོགས་ཐུབ་པའི་ཀུན་མཁྱེན་བུ་རམ་ཤིང་བའི་མཐར་ཐུག་གི་དགོངས་པ་ཤིང་རྟ་ཆེན་པོ་ཀླུ་སྒྲུབ་ཡབ་སྲས་ཀྱིས་བཀྲལ་བའི་ཐལ་འགྱུར་བའི་ལུགས་ཀྱི་ལྟ་བ་རྟོགས་པའི་དུས་མེད་པ་དེའི་ཕྱིར།   ཞེས་གསུངས་སོ། །   ཡང་ལམ་གཙོ་ལས།    ནམ་ཞིག་རེས་འཇོག་མེད་པར་ཅིག་ཅར་དུ།     ། ཞེས་སོགས་ཀྱི་དོན་ཡང་སྣང་བ་རྟེན་འབྲེལ་དང་སྟོང་བ་རང་བཞིན་གྱིས་མེད་པ་གཉིས་གཅིག་སྣང་དུས་ན་གཅིག་ཤོས་སྣང་དཀའ་བར་སོང་བའི་གང་ཟག་དེ་ནམ་ཞིག་རྟེན་འབྲེལ་སྣང་བ་དང་སྟོང་བ་སྣང་བ་གཉིས་རེས་འཇོག་མེད་པར་གཞི་གང་གི་སྟེང་དུ་ཡང་སྣང་སྟོང་ཅིག་ཅར་དུ་འཇོག་ཐུབ་པའི་རྟེན་འབྲེལ་མི་བསླུ་བར་མཐོང་བ་ཙམ་གྱི་བློ་དེ་ཉིད་ཀྱི་མཐུ་ལ་བརྟེན་ནས་སྟོང་བ་ལ་ངེས་པ་ཤུགས་དྲག་འདྲེན་ནུས་པའི་ཤེས་པ་དེས།    བདེན་འཛིན་གྱི་ཡུལ་གྱི་གཙོ་བོ་རང་བཞིན་གྱིས་གྲུབ་ཚད་འཛིན་སྟངས་ཀུན་འཇིག་པར་འགྱུར་བ་ན་དེའི་ཚེ་གང་ཟག་དེ་ལྟ་བུའི་དཔྱད་པ་རྫོགས་པའི་ཚད་ལགས་ཏེ།    ཞེས་པ་ཡིན་ནོ།  ། དེ་ཡང་བོད་སྔ་མ་མང་བོས་གཞི་དེ་རང་བཞིན་གྱིས་མེད་པ་དང་མེད་པའི་ཁྱད་པར་དང་གཞི་དེ་ཡོད་པ་དང་རང་བཞིན་གྱིས་ཡོད་པའི་ཁྱད་པར་འབྱེད་མ་ཐུབ་པར་ཁོ་རང་གི་བློ་ངོར་གཞི་དེ་རང་བཞིན་གྱིས་མེད་ན་གཏན་མེད་དུ་སོང་ནས་ལས་འབྲས་གྱི་རྣམ་གཞག་སོགས་བཞག་དུ་མེད་པར་གྱུར་ནས་དེ་དག་ཡོད་པར་སྟོན་པའི་མདོའི་དོན་ནི་སྣང་ཙམ་དང་གཞན་ངོར་ཙམ་དུ་ཡོད་པ་ལ་བཀྲལ་ལ།       ཡང་ཡོད་ཚེ་རང་བཞིན་གྱིས་ཡོད་པར་ཁས་བླངས་སྟེ་རྟག་ཆད་གྱི་ལྟ་བའི་གཡང་དུ་ལྟུང་བ་ཡིན་ལ།    དེས་ན་དེ་དག་གི་ཁྱད་པར་ངེས་པར་འབྱེད་ཤེས་དགོས་ཏེ།    འཇུག་ཊཱིཀ་ལས།     དེས་ན་རང་གི་ངོ་བོས་མེད་པས་ཡོད་མཐའ་ཐམས་ཅད་དང་།   དེ་ཉིད་ལ་རང་བཞིན་མེད་པའི་རྒྱུ་འབྲས་འཇོག་ནུས་པས་མེད་མཐའ་ཐམས་ཅད་ལས་གྲོལ་བ་ནི་སློབ་དཔོན་སངས་རྒྱས་བསྐྱངས་དང་ཟླ་བའི་ཞབས་ཀྱིས་འཕགས་པའི་དགོངས་པ་བཀྲལ་བའི་ཁྱད་ཆོས་སུ་སྣང་བས།     ཡོད་པ་གཉིས་དང་མེད་པ་གཉིས་ཕྱེད་པ་ཤིན་ཏུ་གལ་ཆེའོ།། ཞེས་གསུངས་སོ།།  འདིའི་ངེས་ཤེས་དེ་རྒྱལ་མཆོག་ལྔ་བ་ཆེན་པོས་ངེས་ཤེས་དང་ཡུལ་གྱི་འཛིན་སྟངས་གཉིས་སོ་སོར་བྲལ་ཏེ་ངེས་ཤེས་ནི་རྟེན་འབྲེལ་མི་བསླུ་བ་འཇལ་བའི་ཚད་མ་དང་།     ཡུལ་གྱི་འཛིན་སྟངས་བདེན་འཛིན་གྱི་འཛིན་སྟངས་ལ་སྦྱར་ཏེ་འགྲེལ་བར་མཛད་ལ།    གུང་ཐང་རིན་པོ་ཆེའི་ལམ་གཙོའི་ཟིན་བྲིས་ལས།    རྒྱལ་དབང་ལྔ་བ་ཆེན་པོའི་འགྲེལ་བར།    ངེས་ཤེས་འདི་ཚད་མ་དང་།    འཛིན་སྟངས་ནི་བདེན་འཛིན་གྱི་འཛིན་སྟངས་ལ་སྦྱར་བ་མཁས་པ་སྔ་མའི་བཤད་སྲོལ་ཡིན་ཤས་ཆེ།   གོ་བདེ་བོ་མི་འདུག་ཅེས་གསུངས་ལ།  རྗེ་ཉིད་ཀྱི་རིང་ལུགས་ནི་ལམ་གཙོའི་ཟིན་བྲིས་དེ་ཉིད་ལས།   ངེས་ཤེས་ཀྱི་ཡུལ་སྣང་བ་ཙམ་ཉིད་ནས་ངེས་ཤེས་ཀྱི་ཡུལ་གྱི་འཛིན་ཚུལ་གྱི་གཏད་སོ་དེ་ཞིག་ནས་གང་སྣང་སྟོང་བར་ཁ་སླན་གྱིས་སོང་བ་ན་ལྟ་བའི་དཔྱད་པ་རྫོགས་པ་ཡིན་ནོ་ཞེས་གསུངས་སོ།།  ཡང་བསྟན་དར་ལྷ་རམས་པ་དང་དཔྱོད་ལྡན་འགའ་ཞིག་གིས་ངེས་ཤེས་དེ་བདེན་མེད་རྟོགས་པའི་ངེས་ཤེས་ལ་བྱས་ནས་དེས་བདེན་འཛིན་གྱི་འཛིན་སྟངས་འཇིག་པ་ལ་བཀྲལ་ལ།  རྗེ་གུང་ཐང་བློ་གྲོས་རྒྱ་མཚོའི་ལམ་གཙོའི་ཟིན་བྲིས་ལས།    འདིའི་ངེས་ཤེས་ཡུལ་གྱི་འཛིན་སྟངས་ཞེས་པ་དང་།  གོང་གི་དམིགས་པའི་གཏད་སོ་ཞེས་པ་གཉིས་དོན་གཅིག་པས་འདིའི་ངེས་ཤེས་ནི་བདེན་འཛིན་ལ་བྱེད་དགོས་ཏེ་ཞེས་གསུངས་པས་ངེས་ཤེས་དེ་བདེན་འཛིན་ལ་བྱས་ལ་དེ་ཡང་སྤྱིར་ངེས་ཤེས་དེ་མ་ཡིན་པར་རང་ཡུལ་བདེན་པར་གྲུབ་ངེས་སུ་འཛིན་པའི་ཤེས་པ་ལ་ངེས་ཤེས་ཞེས་ཚིག་བསྡུས་ནས་མིང་བཏགས་པ་ཡིན་པར་ཁས་ལེན་སྙམ་ལ།    བླ་མ་ལམ་རིམ་པས་ཀྱང་ངེས་ཤེས་དེ་བདེན་འཛིན་ལ་བྱས་པ་དང་།     རྗེ་ཕ་བོང་ཁ་བའི་ལམ་གཙོའི་ཟིན་བྲིས་དང་ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་ལམ་གཙོའི་དོན་འགྲེལ་གསལ་བའི་སྒྲོན་མེ་སོགས་ལས་གསལ་ཁ་ཅན་དུ་མ་གསུངས་པར་མངོན་ནོ།  །དེས་ན་དམ་པ་དག་གི་དགོངས་པ་ཟབ་པས་དཔྱད་པར་བྱ་བའི་གནས་སུ་འདུག་གོ།      ཡང་དཔྱད་པར་བྱ་བའི་གཞི་ནི། སྟོང་ཉིད་རྟོགས་ན་ལྟ་བའི་དཔྱད་པ་རྫོགས་པས་མ་ཁྱབ་སྙམ་སྟེ།    ཀུན་མཁྱེན་སྐུ་ཕྲེང་གཉིས་པ་དཀོན་མཆོག་འཇིགས་མེད་དབང་པོ་མཆོག་གི་ལྕང་སྐྱའི་ལྟ་མགུར་འགྲེལ་བ་ལས།     ཞེས་པའི་ལེགས་བཤད་འདི་རྣམས་ལ་བརྟེན་ནས་སྟོང་པ་དང་རྟེན་འབྱུང་གཉིས་གཞི་གཅིག་གི་སྟེང་དུ་ཐབས་དང་ཐབས་བྱུང་དུ་འཇོག་པའི་ཚུལ་ལ་ངེས་པ་རྙེད་པར་གྱིས་ཤིག    འགའ་ཞིག་ལྟ་བ་རྙེད་ན་ལྟ་བའི་དཔྱད་པ་རྫོགས་པས་ཁྱབ་ཟེར་བ་ནི་གནད་འདི་མ་གོ་བའི་འོལ་ཚོད་དུ་སྣང་ངོ་ཞེས་གསུངས་ལ།    འོན་ཀྱང་རྩ་ཤེས་ཊཱིཀ་ཆེན་ལས།      དེ་ལྟ་བུའི་རང་བཞིན་གྱིས་སྟོང་བའི་དོན་རྟེན་འབྱུང་གི་དོན་དུ་མ་རྟོགས་པར་དུ་ཡང་ན་བདེན་འཛིན་གྱི་དམིགས་གཏད་ཀྱི་ལྷག་མ་ལུས།    ཡང་ན་རྒྱུ་འདི་ལས་འདི་འབྱུང་གི་རྟེན་འབྱུང་རང་ལུགས་ལ་མི་བདེ་བར་རྟེན་འབྲེལ་གྱི་ངེས་པ་རྣལ་མ་དྲངས་ས་མེད་པས་རྟག་ཆད་གང་རུང་གཅིག་གི་མཐར་ལྟུང་བ་ལས་མི་འདའོ། །    ཞེས་པ་ལ་བརྟེན་ནས་འགའ་ཞིག་གིས་རང་བཞིན་གྱིས་སྟོང་བ་རྟོགས་པ་ལ་རྟག་ཆད་གྱི་མཐའ་གཉིས་སེལ་དགོས་ལ།     དེ་སེལ་བ་ལ་སྟོང་བ་རྟེན་འབྱུང་གི་དོན་དུ་རྟོགས་དགོས་པས་སྟོང་ཉིད་རྟོགས་ན་ལྟ་བའི་དཔྱད་པ་རྫོགས་པས་ཁྱབ་པར་བཞེད་མཁན་ཡོད་ལ།   འོན་ཀྱང་རྩ་ཤེས་ཊཱིཀ་ཆེན་གྱི་ལུང་དེའི་དོན་དཀའ་གནས་སུ་ཡོད་པས་འདི་ཡིན་འདི་མིན་གྱི་ཁ་ཚོད་གཅོད་མི་སྤོབས་པས་དཔྱད་གཞིར་བཀོད་པའོ།།       ཡང་ལུགས་འདི་ལ་སྣང་བས་ཡོད་མཐའ་དང་སྟོང་བས་མེད་མཐའ་སེལ་བ་ཡིན་དེ།  ལམ་གཙོ་ལས།   གཞན་ཡང་སྣང་བས་ཡོད་མཐའ་སེལ་བ་དང་།   །སྟོང་བས་མེད་མཐའ་སེལ་ཞིང་སྟོང་བ་ཉིད།   ཞེས་གསུངས་པ་ལ་འོ་ན་རང་བཞིན་གྱིས་མེད་པ་འདི་ལ་མཐའ་གཉིས་གཅིག་ཆར་སེལ་བའི་ནུས་པ་ཡོད་ན་གཅིག་དུ་བྲལ་གྱི་གཏན་ཚིགས་ལ་ཡང་དེ་ལྟར་སེལ་བའི་ནུས་པ་ཡོད་པར་འགྱུར་བས་དེ་ལྟར་ན་རྟེན་འབྲེལ་གྱི་གཏན་ཚིགས་འདི་ཉིད་ལ་རིགས་པའི་རྒྱལ་བོ་ལྟ་བུའི་གཏན་ཚིགས་སུ་བསྔགས་པ་ཅི་ཡིན་སྙམ་སྟེ།   ཕར་ཕྱིན་མཆན་ལས།  དེས་ན་འདི་མཐའ་གཉིས་གཅིག་ཆར་སེལ་བའི་ཆ་ནས་རིགས་པ་ཐམས་ཅད་ཀྱི་ཕུལ་དུ་གྱུར་བ་རྒྱལ་བོ་ལྟ་བུར་བཤད་དེ།   ཞེས་གསུངས་པའི་ཕྱིར་རོ།།  དེ་བཞིན་དུ་སྤྱིར་དབུ་མ་ཡིན་པའི་ཚད་སོགས་གང་ཡིན་ལ་དཔྱད་བྱ་ཡོད་པས་སླ།   ཡང་སྟོང་ཉིད་རྟོགས་པ་ལ་ཐ་སྙད་ཚད་གྲུབ་རྟོགས་པ་སྔོན་དུ་འགྲོ་དགོས་ཏེ།   དྲང་ངེས་དཀའ་འགྲེལ་ལས།  དོན་དམ་རྟོགས་པ་ལ་ཐ་སྙད་ཚད་གྲུབ་རྟོགས་པ་སྔོན་དུ་འགྲོ་དགོས་པས་ཐབས་དང་ཐབས་བྱུང་དུ་འཇུག་པ་ལས་གསུངས་པ་བཞིན།   ཞེས་གསུངས་ལ། འོན་ཀྱང་།   ཆོས་གང་ཡིན་གྱི་སྟེང་གི་སྟོང་ཉིད་རྟོགས་ན་དེའི་སྟོང་གཞི་ཆོས་ཅན་རྟོགས་མི་དགོས་སྙམ་སྟེ།  ཐེག་ཆེན་མཐོང་ལམ་པ་འགའ་ཞིག་གིས་གཞལ་བྱར་མ་གྱུར་བའི་ཀུན་རྫོབ་པའི་ཆོས་འགའ་ཞིག་ཡོད་པའི་ཕྱིར་སྙམ་མོ།།    ཡང་ལམ་གཙོའི་འགྲེལ་བ་ལས།  ཐ་སྙད་ཚད་གྲུབ་འཇོག་ཤེས་ན།    སྟོང་ཉིད་རྟོགས་པས་ཁྱབ་བ་གང་ཞིག   སྟོང་ཉིད་རྟོགས་ན་ཐ་སྙད་ཚད་གྲུབ་འཇོག་ཤེས་པས་ཁྱབ་པའི་ཕྱིར།   ཞེས་གསུངས་པས་ཐ་སྙད་ཚད་གྲུབ་རྟོགས་ཚད་གང་ཡིན་དང་།   ཐ་སྙད་ཁྱད་པར་གསུམ་ལྡན་གྱི་ནང་ཚན་ཐ་སྙད་པའི་ཚད་མ་གཞན་གྱིས་མི་གནོད་པ་གཅིག་བུ་ཐ་སྙད་དུ་ཡོད་ཚད་ལ་སྦྱར་ན་མ་ཁྱབ་ཁྱབ་ཆེ་གང་གིས་ཀྱང་སྐྱོན་མེད་པས་ཁྱད་པར་ཐོག་མཐའ་གཉིས་སྦྱར་བས་རྒྱུ་མཚན་གང་ཡིན་དང་།   འགའ་ཞིག་གིས་གཟུགས་བདེན་གྲུབ་ལྟ་བུ་ལ་ཁྱད་པར་དང་བོ་གཉིས་ཚང་ཡང་ཕྱི་མ་མ་ཚང་ཞེས་བསྟན་བཅོས་སོགས་སུ་བྲིས་འདུག་ནའང་དེ་བདེན་མེད་དུ་ཤུགས་ལ་རྟོགས་པས་གཟུགས་དོན་དམ་པར་མེད་ཅིང་ཐ་སྙད་དུ་ཡོད་པར་རྟོགས་པའི་བློས་ཅིའི་ཕྱིར་མི་གནོད་དམ།   ཡང་ཁྱད་པར་བར་བ་ཚང་ཀྱང་ཐོག་མཐའ་གཉིས་མ་ཚང་བ་ཡོད་མེད་སོགས་ལ་དཔྱད་པར་བྱའོ།།    


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1