༄༅། །དར་རྩེ་མདོ། ང་ཚོ་མཉམ་དུ་ཡོད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-23



དར་རྩེ་མདོ། ང་ཚོ་མཉམ་དུ་ཡོད།

ས་ཆེན་པོའི་གཡོ་འགུལ་གྱི་ཟུར་མིག

ཁྱེད་ཀྱི་པང་ལ་བགྲད་རུང་།

ང་ཚོ་ཕམ་མེད། ང་ཚོ་ཕམ་མི་སྲིད།

ང་ཚོ་མཉམ་དུ་ཡོད།

ང་ཚོས་མགོ་བོ་སྒུར་མི་སྲིད།

ང་ཚོས་སེམས་པ་དམར་པོོ་གཅིག་ཏུ་བརྒྱུས་ཏེ།

རང་ཁྱིམ་གསར་པའི་དྲོད་ཁོལ་སེམས་ཀྱིས་བཞེངས་དགོས།

ཁྱིམ་གཞི་གསར་པའི་མཛེས་སྡུག་ལག་པས་བསྐྲུན་དགོས།

དར་རྩེ་མདོ། ང་ཡི་དར་རྩེ་མདོ།

བྲག་རིའི་རྔམ་བརྗིད་དང་འདྲ་བའི་དར་རྩེ་མདོ།

ནགས་ཀླུང་གི་ལང་ཚོ་དང་འདྲ་བའི་དར་རྩེ་མདོ།

སྤང་རིའི་སྔོ་མདངས་དང་འདྲ་བའི་དར་རྩེ་མདོ།

གཙང་པོའི་ཟིལ་ཤུགས་དང་འདྲ་བའི་དར་རྩེ་མདོ།

དར་རྩེ་མདོ།

ང་ཡི་མེས་པོའི་སྤྱན་ཆབ་ཀྱི་དྭངས་གཙང་།

ཁྱེད་ཀྱི་རི་ལུང་གི་སྙིང་ལ་འཐིམ་ཡོད།

ང་ཡི་སྤུན་ཟླའི་བརྩེ་བ་ཡི་དྲོད་ཁོལ།

ཁྱེད་ཀྱི་ཡིད་སེམས་ཀྱི་གཏིང་ལ་ཟུག་ཡོད།

དར་རྩེ་མདོ། ང་ཚོ་མཉམ་དུ་ཡོད།

ང་ཚོའི་སེམས་པ་མཉམ་དུ་ཡོད།

ང་ཚོའི་ལག་རྡང་མཉམ་དུ་ཡོད།

ང་ཚོའི་དཔུང་བ་མཉམ་དུ་ཡོད།

ང་ཚོའི་གོམ་སྟབས་མཉམ་དུ་ཡོད།

མདོར་ན། ང་ཚོ་ཚང་མ་མཉམ་དུ་ཡོད།

དར་རྩེ་མདོ། ང་ཚོ་མཉམ་དུ་ཡོད།

ང་ཚོ་ནམ་ཡང་མཉམ་དུ་ཡོད།

དར་རྩེ་མདོ།

སྐྱིད་དུས་གླུ་ཆུང་ལེན་རོགས།

སྡུག་དུས་མིག་ཆུ་གཏོར་རོགས།

ཁྱེད་རང་ང་ཚོ་དང་མཉམ་དུ་ཡོད།


རྩོམ་ཡིག་སྔོན་མ།
༄༅། །ངོ་སོ་བསྟོད།
རྩོམ་ཡིག་རྗེས་མ།
༄༅། །མཛེས་པའི་གཙང་ཡུལ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1