ས་གནས་དེ་གའི་དུས་ཚོད་ཟླ་8ཚེས་1ཉིན། 《ཉིང་རྡུལ་མཚོན་ཆ་ཁྱབ་འགྱེད་མི་གཏོང་བའི་ཆིངས་ཡིག》གི་གྲོས་ཞིབ་ཚོགས་ཆེན་ཐེངས་བཅུ་པ་མཉམ་འབྲེལ་རྒྱལ་ཚོགས་ཉིའུ་གཡོད་ལྟེ་གནས་སུ་འཚོགས་པ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐེ་ལེ་སིས་གཏམ་བཤད་གནང་སྐབས། ཉིང་རྡུལ་མཚོན་ཆས་འཛམ་གླིང་ལ་འཇིགས་སྐུལ་བཟོ་ཚད་ཆེ་རུ་འགྲོ་བཞིན་ཡོད། ཡིན་ན་ཡང་མིའི་རིགས་དང་ཉིང་རྡུལ་མཚོན་ཆས་འཛམ་གླིང་ལ་གཏོར་བཤིག་གཏོང་བར“གོ་ལོག་གཅིག”དང“དཔྱད་མཚམས་གཏོང་ནོར་ཤོར་བ་གཅིག”གི་བར་ཐག་ཁོ་ན་ལས་མེད་པས། ཉིང་རྡུལ་མཚོན་ཆ་ལས་འཛམ་གླིང་ལ་འཇིགས་སྐུལ་བཟོ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་ཡོད་ཅེས་གསུངས་པ་རེད། ཁོང་གིས《ཉིང་རྡུལ་མཚོན་ཆ་ཁྱབ་འགྱེད་མི་གཏོང་བའི་ཆིངས་ཡིག》གི་གལ་ཆེའི་རང་བཞིན་ནན་བཤད་གནང་བ་དང་ཆིངས་ཡིག་འཇོག་མཁན་ཕྱོགས་ཚང་མར་ཆིངས་ཡིག་གི་ནང་དོན་ལ་བརྩི་སྲུང་ཞུ་རྒྱུར་ཤུགས་སྣོན་རྒྱག་པ་དང་། བསྐྱར་བསྒྲགས་བྱེད་དགོས་པའི་སྐུལ་མ་གནང་བ་དང་ཕྱོགས་ཁག་གིས་སྐད་ཆ་ཤོད་རེས་ལ་ཤུགས་སྣོན་རྒྱག་པ་དང་ཕན་ཚུན་བརྩི་འཇོག་བྱས་ནས་ཞི་བདེ་སྲུང་སྐྱོང་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།