ཟླ7པའི་ཚེས24ཉིན། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་འབར་ཁམས་གྲོང་ཁུལ་ནས་སྤྱི་ལེ20ལྷག་ཙམ་བསྐྱོད་རྗེས་རྫོང་འགག་གྲོང་རྡལ་རྡོ་གཡུ་གྲོང་ཚོ་རུ་སླེབས་པ་དང་། རླངས་འཁོར་ལས་བབས་མ་ཐག་གང་སར་བཤད་པའི་མེ་ཏོག་ཉི་དགའ་མིག་ལམ་དུ་མངོན་ཞིང་། གྲལ་དག་པའི་བོད་ལུགས་སྡོད་ཁང་གིས་ཡུལ་ཁམས་དེ་ཡོངས་སུ་བརྒྱན་ཡོད།
“ད་ལྟ་ནི་ཉི་དགའ་མེ་ཏོག་བཞད་པའི་དུས་ལ་འཁེལ་འདུག་པ་དང་། དེ་རིང་གཟའ་མཇུག་ཡིན་པས་ཕྱོགས་སོ་སོ་ནས་ཡོང་བའི་མགྲོན་པོ་ཅུང་མང་། ”རྡོ་གཡུ་གྲོངཚོའི་ཀྲི་པུའུ་ཧྲུའུ་ཅི་ཚེ་རིང་དོན་འགྲུབ་ཀྱིས་གནས་འདིར་མེ་ཏོག་མང་བ་དང་དབྱར་ཁར་བསིལ་རླུང་འཇམ་པས་ཟླ་བདུན་པའི་སྔོན་དུ་འདི་གར་ཡུལ་སྐོར་དུ་ཡོང་བའི་མགྲོན་པོ་མི་ཐེངས་ཁྲི་གཉིས་ལྷག་བརྒལ་ཟིན་ཞེས་བཤད།
ཤར་ནུབ་རྒྱུད་ཀྱི་མཉམ་ལས་དང་ཞིང་ཆེན་ནང་ཁུལ་གྱི་ཁ་གཏད་རོགས་སྐྱོར་གྱི་མ་དངུལ་ལ་བརྟེན་ནས། འབར་ཁམས་གྲོང་ཁྱེར་དང་ཀྲེ་ཅང་ཞིང་ཆེན་ཕིང་དབྱང་རྫོང་དང་། ཁྲེང་ཏུའུ་ཁྲུང་ཀྲོའུ་གྲོང་ཁྱེར་བཅས་ཕྱོགས་གསུམ་གྱིས་མཉམ་སྐྲུན་གྱི་ལམ་སྲོལ་བཙུགས་ནས“སྤྱི་གླིང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པའི”འདུ་ཤེས་དཔྱད་གཞིར་བཟུང་ནས་གྲོང་གསེབ་ལ་འཕེལ་རྒྱས་ཀྱི་འཆར་འགོད་བཟོས་པའི་ཐོག “རི་གཅིག་ལ་ཆུ་རེ་དང་བོད་ཀྱི་གྲོང་སྡེ་རེ། གྲོང་ཚོ་རེར་ཐོན་ལས་རེ་དང་མེ་ཏོག་རེ”ཞེས་པའི་རྣམ་པ་སྤྱད་དེ“མེ་ཏོག”གི་འཆར་འགོད་རྣམ་པ་འཚོལ་ཞིབ་བྱས། རྡོ་གཡུ་གྲོང་ཚོས་ས་ཞིང་མུའུ་300ལྷག་འཁོར་རྒྱུག་བྱས་ནས་ཉི་དགའ་མེ་ཏོག་བཏབ་པ་དང་། “མེ་ཏོག་གི་བོད་གྲོང”གི་གྲོང་གསེབ་དར་སྤེལ་གྱི་དཔེ་སྟོན་ས་ཚིགས་ནུས་ཤུགས་ཡོད་རྒུས་བཏོད་ཡོད།
“རྣམ་གྲངས་དེར་མ་དངུལ་སྒོར་ཁྲི600ལྷག་བཏང་ནས་མེ་ཏོག་ལྡུམ་རའི་མཛེས་ལྗོངས་དང་འབྲེལ་ཡོད་ལེ་ལག་ཆ་ཚང་བསྐྲུན་པ་དང་། སྔོན་དཔག་བྱས་ན་ཟླ8པའི་ཟླ་མཇུག་ཏུ་ལེགས་འགྲུབ་འབྱུང་རྒྱུ་རེད”ཅེས་འབར་ཁམས་གྲོང་ཁྱེར་འཕེལ་སྒྱུར་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཀྲོང་དབྱང་གིས་ངོ་སྤྲོད་བྱས་པ་དང་། ཁོང་གིས་མ་འོངས་པར་ད་དུང་ཤང་དང་གྲོང་ཚོ་མི་དམངས་སྡོད་ཁང་དང་། སྦྲང་མ་གསོ་སྤེལ་སོགས་གྲོང་གསེབ་ཀྱི་ཡུལ་སྐོར་རྣམ་གྲངས་མ་ལག་ཚང་བའི་ངང་བསྐྲུན་ནས“རྡོ་གཡུ་རུ་ཡུལ་སྐོར་བྱེད་པ་དང་། རྡོ་གཡུ་རུ་ཟ་མ་ཟ་བ། རྡོ་གཡུ་རུ་རྨོ་ལས་གཉེར་བ། རྡོ་གཡུ་རུ་ཞག་སྡོད་བྱེད་པའི”བོད་ལུགས་འཚོ་བ་རོལ་མྱོང་བྱ་ཡུལ་རིམ་བཞིན་གཏོད་རྒྱུ་ཡིན་ཟེར།
རྡོ་གཡུ་གྲོང་ཚོ་ནི་རྔ་བ་ཁུལ་གྱིས་དཔེ་སྟོན་ལ་མཐོང་ཆེན་བྱས་ནས་བཏོད་པའི་གྲོང་གསེབ་དར་སྤེལ་གྱི་དཔེ་སྟོན་ས་ཚིགས་ཀྱི་གྲས་ཤིག་རེད། ད་ལོའི་ལོ་མགོར། རྔ་བ་ཁུལ་གྱིས《རྔ་བ་ཁུལ་གྱི“ཁྱིམ་གཞིས་གསུམ”གྱི་རྣམ་གྲངས་འཛུགས་སྐྲུན་གྱི་ལག་བསྟར་ཇུས་གཞི》བཟོས་ནས་སྐྱེ་ཁམས་མཛེས་སྡུག་དང་། འཆམ་མཐུན་བདེ་སྐྱིད། འབྱོར་ཕྱུག་འབྱོར་འབྲིང་བཅས་ཀྱི“ཁྱིམ་གཞིས་གསུམ”གྱི་གྲོང་གསེབ་ཁག་གཅིག་བསྐྲུན་པ་འཆར་འགོད་བྱས་ནས། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་ནུས་ལྡན་ངང་སྦྲེལ་མཐུད་བྱེད་པར་ཕན་འབྲས་ཐོན་པར་འཚོལ་ཞིབ་དང་སྐུལ་འདེད་བཏང་བ་རེད། ཉིན་ཤས་སྔོན། རྔ་བ་ཁུལ་གྱིས་གྲོང་གསེབ་དར་སྤེལ་ལ་དམ་འཛིན་བྱེད་པའི་དཔེ་སྟོན་ལས་དོན་གྱི་ཆེད་དོན་ཚོགས་འདུ་འཚོགས་ནས“ དཔེ་སྟོན་དམ་འཛིན། ཚིགས་སྦྲེལ་ཐིག་གྲུབ། ཐིག་སྦྲེལ་ཡུག་གྲུབ། ཡུག་སྦྲེལ་སྐུལ་འདེད”བཅས་ཀྱི་བླང་བྱ་གཞིར་བཟུང་། འདྲ་བཟོ་བྱས་ཆོག་པ་དང་དཔྱད་གཞིར་འཛིན་ཆོག་པ། ཁྱབ་གདལ་བཏང་ཆོག་པ་བཅས་ཀྱི་གྲོང་གསེབ་དར་སྤེལ་གྱི“ཁྱིམ་གཞིས་གསུམ”འཛུགས་སྐྲུན་གྱི་ཉམས་མྱོང་དང་བྱེད་ཐབས་འཚོལ་ཞིབ་བྱ་དགོས་ཞེས་བླ་བྱ་བཏོན་པ་རེད། གཙོ་གནད་ཐོན་ལས་གླིང་ཁུལ་འཛུགས་སྐྲུན་དང་། དཔེ་སྟོན་གྲོང་གསེབ་གཏོད་པ། གྲོང་གསེབ་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བཅས་ལ་འབད་བརྩོན་བྱས་ཏེ། 2025ལོར་སླེབས་སྐབས་ཞིང་ཆེན་རིམ་པ་ཡན་གྱི་དེང་རབས་ཞིང་འབྲོག་ལས་ཐོན་ལས་གླིང10བསྐྲུན་ནས་གྲོང་གསེབ་ཀྱི་ཐོན་ལས་དང་། ལག་རྩལ། དོ་དམ་སོགས་ཀྱི་ཤེས་ལྡན་མི་སྣ1000གསོ་སྐྱོང་བྱ་རྒྱུ་དང་། གྲོང་གསེབ་དར་སྤེལ་གཏོང་བའི་དཔེ་སྟོན་ཤང(གྲོང་རྡལ)དང་གྲོང་ཚོ100གཏོད་རྒྱུ་བརྩོན་ལེན་བྱ་རྒྱུ་རེད།
སེའུ་མངར་དང་རི་མཐོའི་སྔོ་ཚལ། འབྲི་གཡག བོད་ལུག་སོགས་ཁྱད་ལྡན་གྱི་ཐོན་རྫས་ལེགས་ཆར་དམིགས་ཏེ། རྔ་བ་ཁུལ་གྱིས་མིག་སྔར་དེང་རབས་ཞིང་ལས་གླིང་ཁུལ48བསྐྲུན་པ་དང་། དེའི་ནང་ཞིང་ཆེན་དང་ཁུལ་གྱི་སྐར་རིམ་གླིང་ཁུལ26ཡོད་ཅིང་། དེས་ཞིང་འབྲོག་མང་ཚོགས་ཁྲི་16ལྷག་ལ་ཁེ་ཕན་བསྐྲུན་ནས་ཡོང་འབབ་འཕར་བ་དང་། གླིང་ཁུལ་ནང་གི་ཞིང་འབྲོག་མང་ཚོགས་ཀྱི་མི་རེའི་ལོ་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་2ལས་བརྒལ་ཡོད། ཁུལ་གྲོང་གསེབ་དར་སྤེལ་ཅུའུ་ཡི་ཅུའུ་ཀྲང་ཕུང་ཁའེ་ཅན་གྱིས་ངོ་སྤྲོད་ལྟར་ན། རྔ་བ་ཁུལ་གྱིས་ད་ལོར་མ་དངུལ་སྒོར་དུང་ཕྱུར་5.4བཏང་ནས་ཤང(གྲོང་རྡལ)15དང་དཔེ་སྟོན་གྲོང་ཚོ་83འཛུགས་སྐྲུན་བྱས་ནས་རྣམ་གྲངས་188ལག་བསྟར་བྱ་རྩིས་ཡོད་ལ། དེའི་ནང་རྒུད་གསབ་ལས་སྤྲོད་ཀྱི་རྣམ་གྲངས་24ཡོད་པ་དང་གྲོང་གསེབ་དར་སྤེལ་གྱི་དཔེ་སྟོན་ས་ཚིགས་ཁག་གཅིག་ཁག་བགོས་ཀྱིས་གཏོད་རྒྱུ་རེད།
“དཔེ་སྟོན་དམ་འཛིན་བྱ་རྒྱུ་ནི་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་ཡུལ་གལ་ཆེན་ཞིག་ཡིན་པ་དང་། ལྷག་པར་དུ་ཐོན་ལས་འཕེལ་རྒྱས་ལ་དམིགས་ནས་ཡུལ་བབ་དང་བསྟུན་ནས་ཐོན་ལས་བཀོད་སྒྲིག་བྱེད་པ། ཁྱད་ཆོས་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་མཐོང་ཆེན་བྱེད་པ་བཅས་བྱ་དགོས”རྔ་བ་ཁུལ་གྱི་ཧྲུའུ་ཅི་གཞོན་པ་ཝུའུ་ལི་ཡན་གྱིས་དེ་ལྟར་ངོ་སྤྲོད་བྱས་ཤིང་། ཁོང་གིས་བློ་གྲོས་ཀྱི་སྟོབས་ཤུགས་སྣ་ཚོགས་ལ་བརྟེན་ནས་མང་ཚོགས་ཀྱི་གཙོ་གཞིའི་ནུས་པ་འདོན་སྤེལ་བྱས་ཏེ་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་དུ་བསྐྲུན་དགོས་ཞེས་བསྟན།