༄༅།།ཁྱུང་སེར་ཟླ་གཤིས་བླ་བྲང་།

ཁྱུང་རྒྱལ་སྲས། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཧི་བོན་དྲ་བ། སྤེལ་དུས། 08-04


 

ཁྱུང་སེར་ཟླ་གཤིས་བླ་བྲང་གི་ལོ་རྒྱུས། 

 མི་རྗེ་ཁྱུང་སེར་རྒྱལ་པོའི་གདུང་རྒྱུད་སྒར་ཁོང་གྲགས་པ་བསོད་ནམས་ཀྱི་སྲས། རྩེ་དྲུག་བླ་མ་སངས་གླིང་བཞི་པ་པད་མ་གར་དབང་མཆོག་སྤྱི་ལོ༡༨༠༢ཆུ་ཁྱི་ལོར་འཁྲུངས། ཁོང་དགུང་ལོ་སོ་གཉིས་ཆུ་སྦྲུལ་ལོར། ཟླ་བཟའ་ཨ་ཏིང་ཁབ་དུ་བཞེས་ནས་ཟླ་གཤིས་བླ་བྲང་ཕྱག་བཏབ། སྲས་སྙན་རྒྱུད་དབལ་འབར་སྟག་སླག་དང་ནོར་བུ་དབང་རྒྱལ་གཉིས་འཁྲུངས། དབལ་འབར་སྟག་སླག་སྐུ་ཚེ་སྨད་ལ་རྨེའུ་སྲས་མོ་སྐལ་བཟང་ལྷ་མོ་དང་ལྷན་དུ་དབྱིབ་དྲག་པོ་རྫོངས་ལ་བཞུགས། སྐུ་མཆེད་བླ་མ་ནོར་བུ་དབང་རྒྱལ་གྱིས་ཟླ་གཤིས་བླ་བྲང་གི་གདན་ས་སྐྱོངས། ཁོང་གི་སྲས་བླ་མ་བསོད་ནམས་དབང་གྲགས་དང་། བླ་མ་བསྟན་འཛིན ། སྲིང་མོ་གཅིག་ཡོད། བླ་མ་བསྟན་འཛིན་དང་སྒང་གྲོང་གྲྭ་ང་ལྷ་མོ་གཉིས་ཀྱི་སྲས་ཆེ་བ། བསྟན་འཛིན་གྲགས་པ་རིན་པོ་མཆོག་གིས་ཟླ་གཤིས་ཡུལ་དགོན་གྱི་བསྟན་སྲིད་སྐྱོང་། དེ་འོག་གར་དབང་གྲགས་པ་དོ་ཁང་བསྟན་པ་ཚང་ངམ་། འཕར་ཆེན་ཚང་གི་བསྟན་བདག་གནང་། སྲིང་མོ་བསོད་ནམས་དཔལ་སྒྲོན་ནི། རྔ་ལ་ནོར་མ་ཚང་ལ་ཕེབས་ཏེ་མེ་སྟོན་རྣམ་ཚང་གི་མ་ཡུམ་མཛད། བླ་མ་བསྟན་འཛིན་གྲགས་པ་རིན་པོ་ཆེ་དང་འཛོམས་འབྲུ་བདེ་ཆེན་དབང་མོའི་སྲས་ཟླ་སྤྲུལ་རིན་ཆེན་ཕུན་ཚོགས་རིན་པོ་ཆེ་མཆོག་ཀོ་རྒྱལ་དགོན་པའི་དབུ་བླ་མཛད། དེ་འོག་བླ་མ་ཕུན་ཚོགས་རྣམ་རྒྱལ། སྲིང་མོ་སྐལ་བཟང་ཉི་ཟེར། རིན་ཆེན་རྣམ་རྒྱལ་བཅས་ཡིན། ཡབ་བླ་མ་རིན་ཆེན་རྣམ་རྒྱལ་དང་། ཡུམ་ཚེ་རིང་གཡང་དཔལ་ལམ་རྦ་ལུ་གཉིས་ཀྱི་སྲས། བླ་མ་མཁྱེན་རབ་རྒྱ་མཚོ་རིན་པོ་ཆེ་མཆོག་ཀོ་རྒྱལ་དགོན་གྱི་དབུ་བླ་མཛད། བླ་མ་ཐོགས་མེད་རྣམ་རྒྱལ་རིན་པོ་ཆེ་མཆོག་ཟླ་གཤིས་དགོན་གྱི་དབུ་བླ་མཛད། འཆི་མེད་མཚོ་ལྷ་རྩེ་དྲུག་བླ་མ་མཆོག་སྤྲུལ་འཇམ་མེ་སྤྲུལ་སྐུའི་བླ་བྲང་ལ་ཕེབས། བླ་མ་མཆོག་རྒྱལ་གྲགས་པ། བླ་མ་ཁྱུང་གསས་ནོར་གྲགས་དང་ལྔའོ།། བླ་མ་ཐོགས་མེད་རྣམ་རྒྱལ་དང་ཤོ་བཟའ་ཚེ་གཡང་མཚོ་དཔལ་གཉིས་ཀྱི་སྲས། བླ་མ་ནོར་བུ་ལྷ་སྲས། བླ་མ་གཡུང་དྲུང་རྣམ་རྒྱལ། བླ་མ་རྣམ་རྒྱལ་ལྷ་རྒྱལ། བླ་མ་ཁྱུང་གསས་འཇིགས་མེད་གཡུང་དྲུང་། ཡེ་ཤེས་ཐར་མོ་དང་ལྔའོ། དབལ་འབར་སྟག་སླག་གི་སྐུ་མཆེད་ནོར་བུ་དབང་རྒྱལ་གྱི་སྲས། བསོད་ནམས་དབང་གྲགས། དེའི་སྲས་བླ་མ་གཡུང་དྲུང་དབང་གྲགས། བུ་མོ་གཅིག་ཡོད་པ་ཝ་དགེ་ཝ་ཁོད་ཚང་ལ་སོང་། གཡུང་དྲུང་དབང་གྲགས་དང་ཨུ་ལྡིས་ལྷ་མོ་གཉིས་ལ། སྲས་ཚེ་དབང་ནོར་བུ་དང་ཚེ་དབང་གཡུང་དྲུང་། བུ་མོ་བཞི་ཡོད། བླ་མ་གཡུང་དྲུང་དབང་གྲགས་ཀྱིས་ཟླ་གཤིས་བླ་མ་ཚང་ཟེར་བའི་གཅིག་མ་གཏོགས་བླ་བྲང་གཉིས་མི་བཟོ་གསུང་ནས་ཚེ་དབང་ནོར་བུ་རི་ཁྲོད་དགོན་ལ་བཞག ཚེ་དབང་གཡུང་དྲུང་རྩེ་དྲུག་དགོན་ལ་བཞག་པའོ།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1