ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཡི་གསལ་བསྒྲགས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་བརྙན་འཕྲིན། སྤེལ་དུས། 08-04



     ཟླ་བ་བརྒྱད་པའི་ཚེས་གཉིས་ཉིན། ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཁང་འོག་མའི་འགོ་འཛིན་ཕའེ་ལུའོ་ཞི་ཡིས་ཀྲུང་གོའི་ཕྱོགས་ཀྱིས་ངོ་རྒོལ་དྲག་པོ་དང་འབྲེལ་གཏུག་ནན་མོ་བྱེད་པར་མི་འཛེམས་པར་ཀྲུང་གོའི་ཐའེ་ཝན་ས་ཁུལ་དུ་ཕྱོགས་མྱུལ་ངན་འབྲེལ་བྱེད་སར་བསྐྱོད་དེ། ཀྲུང་གོ་གཅིག་གི་རྩ་དོན་དང་། ཀྲུང་གོ་དང་ཨ་རིའི་མཉམ་འབྲེལ་སྤྱི་བསྒྲགས་གསུམ་གྱི་གཏན་འབེབས་ལས་ཚབས་ཆེན་འགལ་ནས། ཀྲུང་གོ་དང་ཨ་རིའི་བར་གྱི་འབྲེལ་བའི་ཆབ་སྲིད་རྨང་གཞིར་ཕོག་ཐུག་ཚབས་ཆེན་བཏང་བ་དང་། ཀྲུང་གོའི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་གནོད་པ་ཚབས་ཆེན་བཟོས་པ། ཐའེ་ཝན་མཚོ་འགག་ཞི་བདེ་བརྟན་ལྷིང་ཡོང་བར་གཏོར་བཤིག་ཚབས་ཆེན་བཏང་བ། ཐའེ་ཝན་རང་བཙན་གྱི་ཁ་བྲལ་སྟོབས་ཤུགས་ལ་ནོར་འཁྲུལ་གྱི་བརྡ་ཚབས་ཆེན་བཏང་བ་རེད། དེའི་ཐད་ཀྲུང་གོ་ཕྱོགས་ཀྱིས་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་དང་རྒོལ་གཏམ་དྲག་པོ་བཏང་སྟེ། ཨ་རི་ཕྱོགས་ལ་འབྲེལ་གཏུག་ནན་མོ་དང་རྒོལ་གཏམ་དྲག་པོ་བཏང་ཡོད།


     འཛམ་གླིང་ཐོག་ཀྲུང་གོ་གཅིག་མ་གཏོགས་མེད། ཐའེ་ཝན་ནི་ཀྲུང་གོའི་མངའ་ཁོངས་ལས་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཞིག་ཡིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་ནི་ཀྲུང་གོ་ཡོངས་ཀྱི་ཚབ་བྱེད་པའི་ཁྲིམས་མཐུན་སྲིད་གཞུང་ཉག་ཅིག་རེད། ༡༩༧༡ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཆོད་ཨང་ཉིས་སྟོང་བདུན་བརྒྱ་ང་བརྒྱད་པའི་ནང་དེའི་སྐོར་གསལ་པོར་བཏོན་ཡོད། ༡༩༤༩ལོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པ་ནས་བཟུང་། རྒྱལ་ཁབ་བརྒྱ་དང་གྱ་གཅིག་གིས་ཀྲུང་གོ་གཅིག་གི་རྩ་དོན་ཐོག་ཀྲུང་གོ་དང་ཕྱི་འབྲེལ་བཙུགས་ཡོད། ཀྲུང་གོ་གཅིག་གི་རྩ་དོན་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཡོངས་ཀྱི་ལྟ་བ་གཅིག་མཐུན་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་ཡིན།


     ༡༩༧༩ལོར་ཨ་རི་ཕྱོགས་ཀྱིས་ཀྲུང་གོ་དང་ཨ་རིའི་བར་ཕྱི་འབྲེལ་བཙུགས་པའི་སྤྱི་བསྒྲགས་ནང་ཨ་རིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་ནི་ཀྲུང་གོའི་ཁྲིམས་མཐུན་སྲིད་གཞུང་ཉག་གཅིག་ཡིན་པ་དང་། ཁྱབ་ཁོངས་དེའི་ནང་ཨ་རིའི་མི་དམངས་དང་ཐའེ་ཝན་མི་དམངས་བར་རིག་གནས་དང་ཚོང་དོན། གཞུང་ཕྱོགས་མིན་པའི་འབྲེལ་བ་གཞན་དག་རྒྱུན་འཁྱོངས་བྱ་རྒྱུ་ཡིན་ཞེས་ཁས་ལེན་གསལ་པོ་བྱས་ཡོད། ཨ་རིའི་རྒྱལ་ཚོགས་ནི་ཨ་རིའི་སྲིད་གཞུང་གི་གྲུབ་ཆ་ཞིག་ཡིན་པས། ཨ་རིའི་སྲིད་གཞུང་གིས་ཀྲུང་གོ་གཅིག་གི་སྲིད་ཇུས་ལ་བརྩི་སྲུང་ནན་པོ་བྱེད་དགོས་པ་མ་ཟད། ཀྲུང་གོའི་ཐའེ་ཝན་ས་ཁུལ་དང་གཞུང་ཕྱོགས་ཐད་ཀྱི་འགྲོ་འོང་གང་ཡང་བྱེད་མི་རུང་། ཀྲུང་གོ་ཕྱོགས་ཀྱིས་སྔ་ནས་བཟུང་ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་མི་ཀྲུང་གོའི་ཐའེ་ཝན་ས་ཁུལ་དུ་ཕྱོགས་མྱུལ་ངན་འབྲེལ་བྱེད་སར་སྐྱོད་པར་ངོ་རྒོལ་བྱེད་པ་དང་། ཨ་རིའི་སྲིད་འཛིན་སྡེ་ཁག་ལ་དེའི་སྐོར་བཀག་འགོག་བྱེད་པའི་འགན་འཁྲི་ཡོད། གྲོས་ཁང་འོག་མའི་འགོ་འཛིན་ཕའེ་ལུའོ་ཞི་ནི་ད་ལྟར་ཨ་རིའི་རྒྱལ་ཚོགས་ཀྱི་འགོ་ཁྲིད་ཡིན་པ་དང་། མོ་རྣམ་པ་གང་རུང་ཐོག་ནས་ཐའེ་ཝན་དུ་སྐྱོད་པ་ནི་ཨ་རི་དང་ཐའེ་ཝན་གྱི་གཞུང་ཕྱོགས་འགྲོ་འོང་རིམ་སྤར་བྱེད་པའི་ཆབ་སྲིད་ཀྱི་འཁྲུག་རྐྱེན་སློང་བ་ཞིག་ཡིན་པས། ཀྲུང་གོས་དང་ལེན་གཏན་ནས་བྱེད་མི་སྲིད་ལ་ཀྲུང་གོའི་མི་དམངས་ཀྱིས་ཁས་ལེན་གཏན་ནས་བྱེད་མི་སྲིད།


     ཐའེ་ཝན་གྱི་གནད་དོན་ནི་ཀྲུང་གོ་དང་ཨ་རིའི་བར་གྱི་འབྲེལ་བའི་ཁྲོད་ཀྱི་གནད་དོན་གལ་ཆེ་ཤོས་དང་གནད་དོན་གཙོ་བོ། དོ་སྣང་ཆེ་བའི་གནད་དོན་རེད། མིག་སྔར་ཐའེ་ཝན་མཚོ་འགག་གི་གནས་བབ་ལ་སྐོར་གསར་པའི་ཛ་དྲག་ཆེ་བའི་འགྲན་སློང་དང་འཕྲད་ཡོད། དེའི་རྩ་བའི་རྒྱུ་རྐྱེན་ནི་ཐའེ་ཝན་དབང་འཛིན་ལས་ཁུངས་དང་ཨ་རི་ཕྱོགས་ཀྱིས་ད་ལྟའི་གནས་ཚུལ་ལ་འགྱུར་ལྡོག་ཟམ་མི་ཆད་པར་བཏང་བས་རེད། ཐའེ་ཝན་དབང་འཛིན་ལས་ཁུངས་ཀྱིས་ཨ་རིར་བརྟེན་ནས་རང་བཙན་གྱི་ཇུས་ངན་བཀོད་པ་དང་གོ་གཉིས་ལོའི་ངོས་འཛིན་གཅིག་མཐུན་གཏན་ནས་ཁས་མི་ལེན་པ། ཤུགས་ཆེན་པོས་ཀྲུང་གོ་ཅན་མེད་པར་བཟོ་བ། རིམ་བཞིན་ཐའེ་ཝན་རང་བཙན་གཏོང་བ། ཨ་རི་ཕྱོགས་ཀྱིས་ཐའེ་ཝན་ལ་བརྟེན་ནས་ཀྲུང་གོར་ཚོད་འཛིན་བྱེད་བསམ་ནས་ཀྲུང་གོ་གཅིག་གི་རྩ་དོན་འཁྱོག་བཤད་བྱས་ཏེ། ཨ་རི་དང་ཐའེ་ཝན་གྱི་གཞུང་ཕྱོགས་འགྲོ་འོང་ཇེ་མང་བཏང་ནས་ཐའེ་ཝན་རང་བཙན་གྱི་ཁ་བྲལ་བྱ་སྤྱོད་ལ་རྒྱབ་སྐྱོར་དང་ངར་སློང་བའི་རེ་ངན་བཅངས་ཡོད། དེ་ནི་གཞན་ལ་གནོད་པ་བསྐྱལ་ན་མཐའ་མར་རང་གི་ཐོག་ལ་འཁོར་བའི་ཉེན་ཁ་ཧ་ཅང་ཆེ་བའི་བྱ་སྤྱོད་ཞིག་ཡིན་ལ། རང་མགོར་ཆུ་འདྲེན་ཡིན་པ་ཐག་གིས་ཆོད།


     ཀྲུང་གོའི་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ཐའེ་ཝན་གནད་དོན་ཐད་ཀྱི་ལངས་ཕྱོགས་ཐོག་མཐའ་བར་གསུམ་དུ་འགྱུར་བ་མེད། རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་ནི་ཀྲུང་གོའི་མི་དམངས་དུང་ཕྱུར་བཅུ་བཞི་ལྷག་གི་བློ་རྩ་བརྟན་པོ་ཡིན་པ་དང་། མེས་རྒྱལ་ཡོངས་སུ་གཅིག་གྱུར་ཡོང་བ་བྱ་རྒྱུ་ནི་ཀྲུང་ཧྭའི་བུ་དང་བུ་མོ་ཡོངས་ཀྱི་ཐུན་མོང་གི་བསམ་འདུན་དང་བླ་ན་མེད་པའི་འགན་འཁྲི་རེད།དམངས་ཀྱི་འདོད་པར་འགལ་མི་འོས། འཕེལ་ཕྱོགས་ཆེན་པོ་ལྡོག་ཐབས་བྲལ། རྒྱལ་ཁབ་དང་སྟོབས་ཤུགས་གང་རུང་དང་། དེ་མིན་མི་སུ་ཞིག་ཡིན་རུང་ཚང་མས་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་དང་། རྒྱལ་ཁབ་གཅིག་གྱུར་དང་མི་རིགས་བསྐྱར་དར་ཡོང་བའི་ཆོད་སེམས་བརྟན་པོ་དང་བློ་སྟོབས་བརྟན་པོ། ནུས་པ་ཆེན་པོ་བཅས་ལ་ཚོད་དཔག་ནོར་འཁྲུལ་བྱེད་མི་རུང་། ཨ་རིའི་གྲོས་ཁང་འོག་མའི་འགོ་འཛིན་ཀྲུང་གོའི་ཐའེ་ཝན་ས་ཁུལ་དུ་ཕྱོགས་མྱུལ་ངན་འབྲེལ་བསྐྱོད་པར་དམིགས་ནས། ཀྲུང་གོ་ཕྱོགས་ཀྱིས་དགོས་ངེས་ཀྱི་བྱེད་ཐབས་མཐའ་དག་སྤྱད་དེ་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་ངེས་ཡིན། དེའི་མཇུག་འབྲས་མཐའ་དག་ལ་ངེས་པར་དུ་ཨ་རི་དང་ཐའེ་ཝན་རང་བཙན་གྱི་ཁ་བྲལ་སྟོབས་ཤུགས་ཀྱིས་འགན་འཁུར་དགོས།


     ཀྲུང་གོ་དང་ཨ་རི་གཉིས་རྒྱལ་ཁབ་ཆེན་པོ་ཡིན་པའི་ཆ་ནས། འབྲེལ་འདྲིས་བྱེད་སྟངས་ཡང་དག་ནི་ཕན་ཚུན་བརྩི་འཇོག་དང་ཞི་བདེ་མཉམ་གནས། འགྲན་རྒོལ་ལས་གཡོལ་བ། མཉམ་ལས་གཉིས་ཁེ་བཅས་ཡིན།ཐའེ་ཝན་གྱི་གནད་དོན་ནི་ཀྲུང་གོའི་ནང་སྲིད་ཡིན་པས། རྒྱལ་ཁབ་གཞན་དག་ཚང་མར་ཐའེ་ཝན་གནད་དོན་ལ་ཤན་འབྱེད་པའི་དབང་ཆ་མེད། ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་ལ་ཐ་ཚིག་ནན་པོ་བཏང་ནས་ཐའེ་ཝན་ལ་ཁ་གཡར་བ་དང་། ཐའེ་ཝན་ལ་བརྟེན་ནས་ཀྲུང་གོར་ཚོད་འཛིན་བྱེད་པའི་ཇུས་ངན་གྱི་མཚམས་འཇོག་པ་དང་། ཐའེ་ཝན་གྱི་ལས་དོན་ལ་ལག་བསྲིངས་ནས་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱེད་མཚམས་འཇོག་པ།བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་ཐའེ་ཝན་རང་བཙན་གྱི་ཁ་བྲལ་སྟོབས་ཤུགས་ལ་རྒྱབ་སྐྱོར་དང་རྒྱ་ཡན་གཏོང་མཚམས་འཇོག་པ། ཐའེ་ཝན་གྱི་གནད་དོན་ཐད་ཁ་དན་ཚིག་ལ་མི་གནས་པའི་སྤྱོད་ངན་མཚམས་འཇོག་པ། ཀྲུང་གོ་གཅིག་གི་རྩ་དོན་འཁྱོག་བཤད་བྱེད་མཚམས་འཇོག་པ་བཅས་བྱས་ནས། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཀྲུང་གོ་གཅིག་གི་རྩ་དོན་དང་། ཀྲུང་གོ་དང་ཨ་རིའི་མཉམ་འབྲེལ་སྤྱི་བསྒྲགས་གསུམ་གྱི་གཏན་འབེབས་ལ་བརྩི་སྲུང་ནན་པོ་དང་། ཨ་རིའི་འགོ་ཁྲིད་པས་བཏོན་པའི་མི་སྒྲུབ་པ་བཞི་དང་བསམ་ཕྱོགས་མེད་པ་གཅིག་གི་ཁས་ལེན་དོན་ཐོག་ཏུ་འཁྱོལ་དགོས་པ་ལས་ནོར་འཁྲུལ་དང་ཉེན་ཁ་ཆེ་བའི་ལམ་བུའི་ཐོག་རྒྱང་ནས་རྒྱང་དུ་མ་བཀྱེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1