༄༅།། རིག་གཞུང་དུས་དེབ་ཀྱི་ན་གཞོན་རྩོམ་སྒྲིག་ཚོས་རྩོམ་ཡིག་ལ་ཞིབ་བཤེར་བྱེད་སྐབས་ངེས་པར་ཏུ་བསྒྲུབ་དགོས་པའི་གཙོ་གནད་བཞི།

ཅོ་བྱང་སྐར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 08-04




     རྩོམ་ཡིག་ལ་ཆེས་ཐོག་མར་ཞིབ་བཤེར་བྱེད་པའི་ལས་ཀ་ནི་རྩོམ་སྒྲིག་ལས་ཀའི་ཁྲོད་ཀྱི་གནད་འགག་གལ་ཆེན་ཞིག་ཡིན། ཐོག་མའི་ཞིབ་བཤེར་གྱི་བཟང་ངན་དང་ཞིབ་ཆ་ལས་ལས་རིམ་རྗེས་མའི་ཞིབ་བཤེར་མ་ཟིན་དང་རྩོམ་སྒྲིག་གི་ལས་ཀར་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ངེས།

     རིག་གཞུང་དུས་དེབ་ཀྱི་ངོས་ནས་བརྗོད་ན། ཉམས་མྱོང་ལྡན་པའི་རྩོམ་སྒྲིག་པས་རྩོམ་ཡིག་ལ་ཐོག་མར་ཞིབ་བཤེར་བྱེད་པའི་ལས་དོན་མགྱོགས་མྱུར་ངང་ཡག་པོར་སྒྲུབ་ཐུབ་པ་དང་། རྩོམ་ཡིག་ལས་བསྟན་པའི་ལྟ་ཚུལ་ཁོང་དུ་ཆུད་པ་བྱས་ནས་རྩོམ་ཡིག་ཕྱིར་འཐེན་བྱེད་པའམ་ཡང་ན་ལས་རིགས་གཅིག་པའི་རིགས་གཅིག་མཁས་པ་གདན་དྲངས་ནས་མ་རྩོམ་ལ་ཞིབ་བཤེར་བྱེད་དུ་འཇུག་མིན་གྱི་བརྡར་ཤ་གཅོད་ཐུབ།

     འོན་ཀྱང་རྩོམ་སྒྲིག་པའི་ལས་གནས་སུ་ཞུགས་མ་ཐག་པའི་ན་གཞོན་རྩོམ་སྒྲིག་པ་ཚོར་མཚོན་ན། རྩོམ་སྒྲིག་པའི་ཆེད་ལས་སྦྱོང་བརྡར་ཐོབ་མེད་པ་དང་། དེ་དང་མཐུན་པའི་རྩོམ་སྒྲིག་ལས་ཀའི་ཉམས་མྱོང་ཡང་མེད་པས། ཁོ་ཚོས་མགྱོགས་མྱུར་ངང་རིག་གཞུང་རྩོམ་ཡིག་ཅིག་གི་མ་ཟིན་ཕྱིར་འཐེན་བྱེད་མིན་དང་ཡང་ན་ལས་རིགས་གཅིག་པའི་རིགས་གཅིག་མཁས་པར་རྩོམ་ཡིག་ཞིབ་བཤེར་བྱེད་དུ་འཇུག་མིན་བརྡར་ཤ་གཅོད་རྒྱུ་ནི་ལས་ཀ་ཧ་ཅང་དཀའ་མོ་ཞིག་རེད། དེར་བརྟེན་ན་གཞོན་རྩོམ་སྒྲིག་པ་མགྱོགས་མྱུར་ངང་འཚར་ལོངས་བྱུང་བ་དང་། རྩོམ་སྒྲིག་པའི་སྡེ་ཡི་སྟོབས་ལྡན་པའི་རུ་དཔུང་ཞིག་ཏུ་འགྱུར་བར་མ་ཟད། ཐོག་མའི་ཞིབ་བཤེར་ལས་དོན་ཡག་པོ་སྒྲུབ་སྐབས་སུ་གཤམ་གསལ་གྱི་ཕྱོགས་ཁ་ཤས་ནས་འགོ་འཛུགས་དགོས།


     དང་པོ། ལྟེ་བ་གཅིག་རྒྱུན་འཁྱོངས་བྱེད་པ།

     ལྟེ་བ་གཅིག་ཅེས་པ་ནི་དུས་དེབ་ཅིག་སྒྲུབ་པའི་དམིགས་ཡུལ་དང་མཛུབ་སྟོན་བསམ་བློ་དེ་ཡིན། དུས་དེབ་རེ་རེ་ལ་ཚང་མར་རང་ཉིད་ཀྱི་དུས་དེབ་གཉེར་བའི་མཛུབ་སྟོན་བླང་བྱ་དང་བསམ་བློ་ཁྱབ་སྤེལ་གྱི་ཁྱབ་ཁོངས་ཡོད། ལྟེ་བ་གཅིག་རྒྱུན་འཁྱོངས་བྱེད་པ་ནི། ན་གཞོན་རྩོམ་སྒྲིག་པས་རྩོམ་ཡིག་ཐོག་མར་ཞིབ་བཤེར་བྱེད་སྐབས་དུས་དེབ་གཉེར་བའི་དམིགས་ཡུལ་བློ་ལ་བརྟན་པོར་ངེས་དགོས་པ་དེ་རེད། གལ་ཏེ་དུས་དེབ་ཀྱི་བསམ་བློ་སྤེལ་ཁོངས་དང་མི་མཐུན་པའི་རྩོམ་ཡིག་ཡིན་ཕྱིན་ཚང་མ་ཕྱིར་འཐེན་བྱ་དགོས། དུས་དེབ་དང་དུས་དེབ་བདག་གཉེར་བྱེད་པའི་དམིགས་ཡུལ་མི་འདྲ་བས་རྩོམ་ཡིག་གི་སྤྱིའི་བླང་བྱའང་མི་འདྲ། དཔེར་ན། མཐོ་རིམ་སློབ་གྲྭའི་ཚགས་པར་དང་རང་བྱུང་ཚན་རིག་སྐོར་གྱི་རིག་དེབ་ཀྱི་རྩོམ་ཡིག་གི་ནང་དོན་དེ་རྨང་གཞིའི་རིགས་པའི་གཞུང་ལུགས་ཀྱི་ཞིབ་འཇུག་དང་ཚོད་ལྟའི་ཞིབ་འཇུག་གི་ནང་དོན་ལ་མཐོང་ཆེན་བྱེད་པའི་བླང་བྱ་བཏོན་ཡོད། ལག་རྩལ་རིགས་ཀྱི་དུས་དེབ་ཁ་ཤས་ཀྱིས་རྩོམ་ཡིག་གི་ནང་དོན་དེ་ལག་རྩལ་དང་ཐབས་ཤེས་ལེགས་བཅོས་བྱེད་པ་དང་། དེ་བཞིན་ཐོན་སྐྱེད་བཟོ་རྩལ་ལེགས་བཅོས་བྱེད་པ་སོགས་ཀྱི་ནང་དོན་ལ་མཐོང་ཆེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད། སྣ་འཛོམས་དུས་དེབ་ཀྱི་རྩོམ་ཡིག་དེ་སྤྱི་ཡོངས་ལ་བསམ་བློ་བཏང་ནས་ཆེ་བ་འཛམ་གླིང་དང་རྒྱལ་ཁབ། ཆུང་བ་མི་སྒེར་སོགས་དང་འབྲེལ་ཡོད། དེར་བརྟེན་ན་གཞོན་རྩོམ་སྒྲིག་པས་ཐོག་མར་ཞིབ་བཤེར་བྱེད་སྐབས་དུས་དེབ་སྒྲུབ་པའི་དམིགས་ཡུལ་གཞིར་བཟུང་ནས་རྩོམ་ཡིག་གདམ་དགོས་པ་དང་། དུས་དེབ་སྒྲུབ་པའི་འཛུབ་སྟོན་བླང་བྱ་དང་མི་མཐུན་པའི་རྩོམ་ཡིག་ཡིན་ཕྱིན་རང་འགུལ་གྱིས་རྩོམ་ཡིག་ཕྱིར་འཐེན་བྱ་དགོས། །


      གཉིས་པ། རྩ་བ་གཉིས་ཁོང་དུ་ཆུད་པ་བྱ་དགོས།

     རྩ་བ་གཉིས་ཞེས་པ་ནི་རྩོམ་ཡིག་གི་སྒྲིག་གཞི་དང་རྩོམ་ཡིག་གི་ཚད་ལྡན་དཔྱད་གཞིའི་ཡིག་ཆ་གཉིས་ཀྱི་ནང་དོན་ལ་གོ །གལ་ཏེ་ན་གཞོན་རྩོམ་སྒྲིག་པས་རྩ་བ་འདི་གཉིས་ཁོང་དུ་ཆུད་ཐུབ་སོང་ན། སྤྱི་ཁོག་ནས་བལྟས་ན་རྩོམ་ཡིག་ལ་རྩ་བའི་ཆ་ནས་ཤེས་རྟོགས་དང་བརྡར་ཤ་གཅོད་ཐུབ་ངེས། 

     1.སྒྲིག་གཞི་ཁོང་དུ་ཆུད་དགོས། 

     རྩོམ་ཡིག་གི་སྒྲིག་གཞི་ནི་རྩོམ་ཡིག་གི་ཆ་ཤས་དང་ཆ་ཤས། ཆ་ཤས་དང་སྤྱི་ཡོངས་བར་གྱི་ནང་གནས་ཀྱི་འབྲེལ་བ་དང་ཕྱིའི་རྣམ་པ་གཅིག་གྱུར་བྱེད་པ་དེ་ཡིན། སྒྲིག་གཞི་ནི་རྩོམ་ཡིག་གི་རུས་སྒྲོམ་ལྟ་བུ་ཡིན་པ་དང་། རྩོམ་ཡིག་གི་སྡེ་ཚན་ཞིག་གམ་ཡང་ན་ཚན་པ་ཞིག་ལ་བཀོད་སྒྲིག་བྱེད་ཐབས་ཡིན། རྩོམ་ཡིག་གི་དཔྱད་གཞིའི་རྒྱུ་ཆ་སྤྱད་ནས་རྩོམ་ཡིག་གི་ལྟ་བ་མཚོན་ཐབས་ཀྱང་ཡིན། རིག་གཞུང་དུས་དེབ་ཅིག་ལ་མཚོན་ན། རྩོམ་ཡིག་གི་སྒྲིག་གཞིའི་གྲུབ་ཚུལ་ནི་གཙོ་བོ་རྩོམ་ཡིག་གི་གླེང་གཞི་དང་། གཞུང་དངོས། དཔྱད་བསྡུར། མཇུག་བསྡུ་བ་བཅས་ཀྱི་ཐོག་ནས་མཚོན་ཡོད། རིག་གཞུང་དཔྱད་རྩོམ་གྱི་ཚན་པ་དང་ཚན་པ། ལེའུ་དང་ལེའུ། གླེང་སློང་བ་དང་མཇུག་བསྡུ་བའི་གཏམ་སོགས་ཕན་ཚུན་གཅིག་ལ་གཅིག་བརྟེན་དུ་གནས་ཡོད་ན། ད་གཟོད། རྩོམ་ཡིག་འདིའི་གཏན་ཚིགས་ཀྱི་སྒྲིག་གཞི་ཚགས་དམ་པ་དང་། བསམ་བློ་ཡི་འཁོར་ཕྱོགས་ཁ་གསལ་བ། རྩོམ་ཡིག་གི་སྤྱི་ཁོག་ཆ་ཚང་ཡིན་པ་གསལ་བྱེད་ཐུབ།

     རིག་གཞུང་དཔྱད་རྩོམ་གྱི་སྒྲིག་གཞིའི་དངོས་ནས་བཤད་ན། རྩོམ་ཡིག་དེ་ཁག་གཉིས་སུ་དབྱེ་ཆོག་སྟེ།

     ཁག་དང་པོ་ནི་དཔྱད་རྩོམ་གྱི་ཁ་བྱང་དང་རྩོམ་པ་པོའི་མིང་། ནང་དོན་གནད་བསྡུས། བརྡ་ཆད་གཙོ་བོ། ཀྲུང་གོའི་དཔེ་དེབ་དབྱེ་རྟགས།

    ཁག་གཉིས་པ་ནི་གླེང་གཞི་དང་རྩོམ་ཡིག་དངོས། མཇུག་བསྡུ་བའི་གཏམ། དཔྱད་གཞིའི་ཡིག་ཆ། ཟུར་བཀོད་ཡིག་ཆ་སོགས་ཡིན། རྩོམ་སྒྲིག་པས་རྩོམ་ཡིག་གི་སྒྲིག་གཞིའི་ཕྱོགས་སོ་སོ་ནས་རྩོམ་ཡིག་དེའི་གཏན་ཚིགས་ཀྱི་སྒྲིག་གཞི་ཚགས་དམ་མིན་ཞིབ་བཤེར་བྱས་ཆོག །དཔེར་ན། ཚོད་ལྟ་དང་ཞིབ་འཇུག་ལ་ཁ་ཕྱོགས་པའི་རིགས་ཀྱི་དཔྱད་རྩོམ་ཞིག་ཡིན་ན། གླེང་གཞི་དང་ཚོད་ལྟའི་དཔྱད་ཆས། ཚོད་ལྟ་བྱེད་ཐབས་ཀྱི་རྩ་བའི་རིགས་པ། མཇུག་འབྲས་དང་དཔྱད་བསྡུར། བསྡོམས་ཚིག་སོགས་ཚན་པ་འདི་དག་ནི་ནང་དོན་གཙོ་བོ་ཡིན། གལ་ཏེ་དེ་དག་ལས་བསྡོམས་ཚིག་གི་ཁག་འདི་མེད་ན་རྩོམ་ཡིག་གི་སྒྲིག་གཞི་ཁ་མི་ཚང་པ་གསལ་བཤད་བྱས་འདུག །

      རྩོམ་སྒྲིག་པས་རྩོམ་ཡིག་གི་སྒྲིག་གཞི་ལུགས་དང་མཐུན་པའི་སྒོ་ནས་རྩོམ་ཡིག་ཕྱོགས་གཉིས་ནས་ཁོང་དུ་ཆུད་པར་བྱ་དགོས། ཁག་དང་པོ་ནི་སྤྱི་ཁོག་དང་ཁག་གཉིས་པ་ནི་བྱེ་བྲག་ཡིན།

     སྤྱི་ཁོག་ནས་བཤད་ན། རྩོམ་སྒྲིག་པས་དཔྱད་རྩོམ་གྱི་ཁ་བྱང་དང་ལེའུ། ཚན་པ་སོ་སོའི་ཁ་བྱང་སོགས་ལས་དཔྱད་རྩོམ་གྱི་སྒྲིག་གཞི་ལུགས་དང་མཐུན་མིན། ནང་དོན་ཆད་ལྷག་ཤོར་ཡོད་མེད་སོགས་ཤེས་ཐུབ་པ་མ་ཟད། དཔྱད་རྩོམ་གྱི་ཁ་བྱང་དང་ནང་དོན་གནད་བསྡུས་ལས་དཔྱད་རྩོམ་གྱི་ནང་དོན་ཆ་ཚང་མིན་ཕལ་ཆེར་ཚོད་འཛིན་བྱེད་ཐུབ། དེ་ཡང་རྩོམ་སྒྲིག་པས་དཔྱད་རྩོམ་གྱི་ཁ་བྱང་དང་དཔྱད་རྩོམ་གྱི་ནང་དོན། སྡེ་ཚན་དང་ཚན་པ་སོ་སོའི་ཁ་བྱང་ཟུང་སྦྲེལ་བྱས་ནས། འོག་གི་ནང་དོན་དང་མཐུན་མིན་དང་ནང་དོན་དང་ཁ་བྱང་སོགས་ཕན་ཚུན་འབྲེལ་བ་ཡོད་མེད། གལ་ཏེ་བརྗོད་བྱ་དང་འབྲེལ་བ་ཆུང་ལ་ཡིག་ཚོགས་མང་པོས་ས་མིག་ཆོད་པར་བྱས་ཡོད་ཚེ། དེ་ནི་དཔྱད་རྩོམ་གྱི་སྒྲིག་གཞི་ལུགས་མཐུན་མིན་པ་གསལ་བཤད་བྱས་ཡོད།


      བྱེ་བྲག་ནས་བཤད་ན། གཙོ་བོ་ནི་རྩོམ་སྒྲིག་པས་ལེའུ་དང་ཚན་པ་སོ་སོའི་ཁ་བྱང་ལས་ཁ་བྱང་འོག་གི་ནང་དོན་དེས་ཁ་བྱང་དང་འབྲེལ་ཡོད་ཀྱི་གནད་དོན་ཐག་གཅོད་ཡོད་མིན་བརྡར་ཤ་གཅོད་དགོས་པ་དེ་རེད། དོན་དངོས་སུ་ལེའུ་དང་ཚན་པ་སོ་སོའི་ཁ་བྱང་ནི་རྒྱས་འགྲེལ་བྱ་དགོས་པའི་གནད་དོན་རེ་རེ་ཡིན། ཁ་བྱང་རེ་རེའི་འོག་གི་ནང་དོན་དུ་རྩོམ་པ་པོས་གནད་དོན་ཅི་ཞིག་བཏོན་ཡོད་པ་དང་། གནད་དོན་ཅི་ཞིག་ཐག་བཅད་ཡོད་པ། གནད་དོན་དེ་ཅི་ལྟར་ཐག་གཅོད་ཡོད་པ་སོགས་འདི་ལྟ་བུའི་སྒྲིག་གཞི་འགྲུབ་ཡོད་མེད་ལ་བལྟ་དགོས། གལ་ཏེ་འགྲུབ་ཡོད་ན། བྱེ་བྲག་གི་སྒོ་ནས་རྩོམ་པ་པོའི་རྩོམ་ཡིག་གི་སྒྲིག་གཞི་གནས་ལུགས་དང་མཐུན་ཡོད་པ་རེད། གལ་ཏེ་རྩོམ་ཡིག་གི་སྒྲིག་གཞི་གནས་ལུགས་དང་མ་མཐུན་ན་རྩོམ་ཡིག་གི་སྒྲུབ་བྱེད་ཁས་ལེན་དཀའ་བས། རྩོམ་ཡིག་གི་ལུངས་རིགས་ལ་གོ་སྐོན་བློ་འགུག་གི་ནུས་པ་མེད་པར་འགྱུར་འགྲོ །རྒྱུ་མཚན་དེའི་དབང་གིས་རྩོམ་སྒྲིག་པས་ཆེས་ཐོག་མར་རྩོམ་ཡིག་ལ་ཞིབ་བཤེར་བྱེད་སྐབས། ངེས་པར་ཏུ་རྩོམ་ཡིག་གི་སྒྲིག་གཞི་ཆ་ཚང་ཁོང་དུ་ཆུད་པར་བྱ་དགོས། མ་ཟད་རྩོམ་ཡིག་གི་སྒྲིག་གཞི་གཞིར་བཟུང་ནས་རྩོམ་ཡིག་གི་གཟབ་ནན་རང་བཞིན་དང་ལུགས་མཐུན་རང་བཞིན་ལ་ཐག་གཅོད་བྱ་དགོས།


     2.དཔྱད་གཞིའི་ཡིག་ཆར་ཞིབ་བཤེར་བྱ་དགོས།

     དཔྱད་གཞིའི་ཡིག་ཆ་ནི་རིག་གཞུང་དཔྱད་རྩོམ་ཁྲོད་མེད་དུ་མི་རུང་པའི་རྒྱུ་ཆ་གཙོ་བོ་ཞིག་ཡིན། དེས་རྩོམ་ཡིག་གི་ལྟ་བ་དང་ལུང་དང་རིགས་པ། རྩོམ་ཡིག་གི་བསྡོམས་ཚིག་བཅས་ལ་ནུས་པ་ཆེན་པོ་འདོན་ཐུབ། མ་ཟད་རྩོམ་ཡིག་གི་ལྟ་བར་གང་ནུས་ཀྱིས་ཚན་རིག་དང་མཐུན་པའི་ཁུངས་ལུང་མཁོ་འདོན་བྱེད་ནུས་པ་དང་རྩོམ་པ་པོའི་ཞིབ་འཇུག་གི་རྣམ་འགྱུར། རྩོམ་པ་པོའི་ཞིབ་འཇུག་གི་འགོ་འཛུགས་ས། ཟབ་ཚད་བཅས་འདོན་སྤྲོད་བྱེད་ནུས། དེ་མིན་དཔྱད་གཞིའི་ཡིག་ཆ་བརྒྱུད་ནས་རིག་གཞུང་དཔྱད་རྩོམ་ལ་དཔྱད་གཞིར་འདྲི་གཅོད་བྱེད་པའི་ནུས་པ་བཏོན་ཆོག །དཔྱད་རྩོམ་གྱི་གནས་ཚུལ་དང་རིག་གཞུང་གི་ཆུ་ཚད་ལ་རྒྱུས་ལོན་བྱས་རྗེས། ན་གཞོན་རྩོམ་སྒྲིག་པས་རྩོམ་ཡིག་གི་སྒྲིག་གཞི་ཁོང་དུ་ཆུད་པར་བྱ་དགོས་ཤིང་། དུས་མཚུངས་སུ་རྩོམ་ཡིག་རྗེས་ཀྱི་དཔྱད་གཞིའི་ཡིག་ཆར་ནན་ཏན་གྱིས་ཞིབ་བཤེར་བྱ་རྒྱུ་མཉམ་འཇོག་བྱ་དགོས།


     རྩོམ་ཡིག་རྗེས་ཀྱི་དཔྱད་གཞིའི་ཡིག་ཆ་ལས་ན་གཞོན་རྩོམ་སྒྲིག་པས་ཆེས་ཐོག་མར་ཞིབ་བཤེར་བྱ་སྐབས་གཤམ་གྱི་ཕྱོགས་འགའ་ཁོང་དུ་ཆུད་པ་བྱ་དགོས།


     གཅིག །དཔྱད་གཞིའི་ཡིག་ཆའི་ཁ་གྲངས་ལ་བལྟ་དགོས།

     རྩོམ་ཡིག་རྗེས་ཀྱི་དཔྱད་གཞིའི་ཡིག་ཆའི་ཁ་གྲངས་ཀྱིས་རྩོམ་པ་པོས་དཔྱད་རྩོམ་ལ་ཞིབ་འཇུག་བྱེད་སྐབས་དཔེ་ཆ་ཅི་ཙམ་ཀློག་པའི་ཁ་གྲངས་ཕལ་ཆེར་ཤེས་ཐུབ་ལ། ཚད་ངེས་ཅན་གྱི་སྟེང་ནས་རིག་གཞུང་དཔྱད་རྩོམ་ལ་བཟུང་པའི་རྣམ་འགྱུར་ཡང་མཚོན་ཐུབ། དཔྱད་རྩོམ་དེ་དང་འབྲེལ་བའི་ཞིབ་འཇུག་གི་ཁ་ཕྱོགས་ལ་ཁྱོན་ཡོངས་ནས་རྒྱུས་ལོན་ཟབ་མོ་བྱེད་ཐུབ་ཚེ། ད་གཟོད་ལུང་རིགས་ཀྱིས་བསྒྲུབ་དགོས་པའི་གནད་དོན་ལ་གསར་གཏོད་རང་བཞིན་ལྡན་ངེས། གལ་ཏེ་དཔྱད་གཞིའི་ལུང་རིགས་བཀོལ་བ་ཉུང་ཆེ་ན། རྩོམ་པ་པོས་སྔོན་བྱོན་མཁས་པས་གནད་དོན་དེར་ཞིབ་འཇུག་བྱས་པའི་གྲུབ་འབྲས་ལ་དཔེ་ཀློག་བྱས་པ་ཤིན་ཏུ་ཉུང་ལ། དེས་ཞིབ་འཇུག་གི་འཕེལ་རིམ་ཁྱོན་ཡོངས་ནས་ཁོང་དུ་ཆུད་མི་ཐུབ་པས། སྔོན་བྱོན་མཁས་པའི་ཞིབ་འཇུག་གི་གྲུབ་འབྲས་སྟེང་གསར་གཏོད་ཀྱི་ལྟ་བ་འདོན་སྤེལ་བྱེད་མི་ཐུབ། རྒྱུ་མཚན་དེའི་དབང་གིས། རྩོམ་སྒྲིག་པས་དཔྱད་གཞིའི་ཡིག་ཆའི་ཁ་གྲངས་ལ་བལྟ་དགོས། གལ་ཏེ་ཕྱོགས་བསྡུས་རིགས་ཀྱི་རྩོམ་ཡིག་དངོས་ནས་བཤད་ན། རྩོམ་ཡིག་རྗེས་སུ་བཀོལ་བའི་དཔྱད་གཞིའི་ཡིག་ཆ་ཧ་ཅང་ཉུང་། དེས་རྩོམ་པ་པོས་གནད་དོན་དེར་ཁྱོན་ཡོངས་དང་གཏིང་ཟབ་པའི་སྒོས་ཞིབ་འཇུག་བྱས་མེད་པ་མཚོན་ཐུབ་ལ། དེ་བས་རྩོམ་པ་པོས་གནད་དོན་དེར་གདེང་འཇོག་ཅི་ལྟར་བྱེད་པ་དང་གནད་དོན་དེར་མཛུབ་སྟོན་གྱི་ནུས་པ་ལྡན་པའི་ཕྱོགས་བསྡུས་རང་བཞིན་གྱི་ལྟ་ཚུལ་བཤད་མི་ཐུབ།


     གཉིས་པ། རྩོམ་ཡིག་རྗེས་ཀྱི་དཔྱད་གཞི་ཡིག་ཆའི་དུས་ཚོད་ལ་བལྟ་དགོས།

     དེ་ཡང་དཔྱད་གཞི་ཡིག་ཆའི་དུས་ཚོད་རིང་ཐུང་གིས་རྩོམ་ཡིག་གི་ལུང་རིགས་ལ་རམ་འདེགས་བྱེད་ཐུབ་མིན་མཚོན་ཐུབ། སྤྱིར་བཏང་གི་གནས་ཚུལ་ལྟར་ན། རིག་གཞུང་དཔྱད་རྩོམ་རིགས་ཀྱི་རྩོམ་ཡིག་ཞིག་ཡིན་ན། དཔྱད་གཞིའི་ཡིག་ཆ་ལོ་ལྔ་ཡི་དུས་ཚོད་ལས་བརྒལ་མི་ཉན། དེ་མིན་ན་ཚད་ལྡན་ཡིག་ཆར་མི་བརྩི། གལ་ཏེ་རྩོམ་པ་པོས་བཀོལ་སྤྱོད་བྱས་པའི་ཡིག་ཆ་མང་ཆེ་བ་ལོ་ལྔ་ཡི་སྔོན་གྱི་དུས་དེབ་ཕྱོགས་ཀྱི་ཡིག་ཆ་དང་ཐ་ན་ཚང་མ་གསུང་རྩོམ་ཕྱོགས་ཀྱི་ཡིག་ཆ་ཡིན་ཚེ། རྩོམ་པ་པོས་རིག་གཞུང་འདིའི་ཞིབ་འཇུག་གསར་པའི་འབྲས་བུར་རྒྱུས་ལོན་མེད་པ་དང་། རིག་གཞུང་ཞིབ་འཇུག་གི་ཕྱོགས་སུ་ལངས་ནས་ཞིབ་འཇུག་བྱས་མེད་པ། སྒྲུབ་འདོད་པའི་དོན་དང་བཤད་འདོད་པའི་སྐད་ཆ། ཐ་ན་ཞིབ་འཇུག་གི་ཐབས་ལམ་དང་དཔྱད་རྩོམ་གྱི་གསར་གཏོད་ཀྱི་ཚད་གཞི་སོགས་ཧ་ཅང་རྗེས་ལུས་ཡིན་པ་གསལ་བྱེད་བྱེད་ཐུབ། རྒྱུ་མཚན་དེའི་དབང་གིས། ན་གཞོན་རྩོམ་སྒྲིག་པས་རྩོམ་ཡིག་ལ་ཆེས་ཐོག་མར་ཞིབ་བཤེར་བྱེད་སྐབས་སུ། རྩོམ་ཡིག་རྗེས་ཀྱི་དཔྱད་གཞིའི་ཡིག་ཆའི་པར་སྐྲུན་དུས་ཚོད་ཀྱིས་རྩོམ་ཡིག་གི་གསར་གཏོད་རང་བཞིན་ལ་གདེང་འཇོག་བྱ་དགོས། གལ་ཏེ་ཡིག་ཆ་རྙིང་པ་ཡིན་ན། རྩོམ་པ་པོས་གནད་དོན་འདི་ལ་རིག་གཞུང་གི་ཕྱོགས་སུ་ལངས་ནས་ཞིབ་འཇུག་བྱས་མེད་པ་གསལ་བྱེད་བྱེད་ཐུབ་པས། གསར་གཏོད་རང་བཞིན་ཟེར་བ་ཡང་ལབ་ཏུ་འགྲོ་ངེས་སོ། །


     གསུམ་པ། དཔྱད་གཞིའི་ཡིག་ཆ་ཚད་ལས་བརྒལ་ཡོད་མིན་བལྟ་དགོས།

     འདིར་བཤད་པའི་དཔྱད་གཞིའི་ཡིག་ཆ་ཚད་ལས་བརྒལ་ཡོད་མིན་ཞེས་པ་ནི། རྩོམ་པ་པོས་དྲངས་པའི་དཔྱད་གཞིའི་ཡིག་ཆ་མ་རྩོམ་དང་འབྲེལ་བ་ཆེན་པོ་མེད་པ་དང་རྩོམ་པ་པོ་ལ་ལས་རྩོམ་སྒྲིག་པར་རང་ཉིད་ཀྱི་རིག་གནས་ཆུ་ཚད་ངོམ་ཆེད་དུ། ཞིབ་འཇུག་གི་ཁ་ཕྱོགས་དང་འབྲེལ་བ་ཆེན་པོ་མེད་པའི་ཡིག་ཆ་སོགས་དཔྱད་གཞིའི་ཡིག་ཆ་མང་པོ་བདམས་ནས་རྩོམ་ཡིག་གི་རྗེས་སུ་བཀོད་ཡོད། རྒྱུ་མཚན་དེའི་དབང་གིས། ན་གཞོན་རྩོམ་སྒྲིག་པ་ཞིག་ཡིན་པའི་ཆ་ནས། རྩོམ་ཡིག་ལ་ཐོག་མར་ཞིབ་བཤེར་བྱེད་སྐབས་སུ། རྩོམ་ཡིག་རྗེས་ཀྱི་དཔྱད་གཞིའི་ཡིག་ཆ་ལ་ཞིབ་བཤེར་ནན་མོ་བྱ་དགོས། དཔྱད་གཞིའི་ཡིག་ཆའི་ནང་དོན་ལ་བལྟས་ནས་ཡིག་ཆ་གང་དག་རྩོམ་ཡིག་དང་འབྲེལ་བ་དམ་པོ་ཡོད་པ་དང་། ཡིག་ཆ་གང་དག་དཔྱད་གཞིའི་ཡིག་ཆའི་ཡ་གྱལ་དུ་འཇོག་དགོས་པ་དང་མི་དགོས་པ་སོགས་ཞིབ་བཤེར་ནན་མོ་བྱ་དགོས། གལ་ཏེ་རྒྱུན་ལྡན་གྱི་མཚན་ཉིད་དང་རྒྱུན་ཤེས་སོགས་གསལ་བཤད་གྱི་ཚུལ་དུ་བཀོད་ཡོད་པ་ཡིན་ན། དེ་ལྟ་བུའི་དཔྱད་གཞིའི་ཡིག་ཆ་ཡིག་ཆའི་ཡ་གྱལ་དུ་འཇོག་མི་དགོས། །


     གསུམ། འོས་མཚམས་ཀྱིས་བརྡར་ཤ་ལེགས་པོར་གཅོད་དགོས།

     ན་གཞོན་རྩོམ་སྒྲིག་པ་ཞིག་ཡིན་པའི་ཆ་ནས། རྩོམ་ཡིག་གི་སྒྲིག་གཞི་དང་དཔྱད་གཞིའི་ཡིག་ཆ་སོགས་ལ་ནན་ཏན་གྱིས་བལྟ་དགོས་པའི་རྨང་གཞིའི་སྟེང་། ཆེས་གཙོ་བོ་ནི་རྩོམ་ཡིག་གི་གསར་གཏོད་རང་བཞིན་དང་ཚད་ལྡན་རང་བཞིན། དེ་བཞིན་གསང་སྲུང་རང་བཞིན་ལ་བརྡར་ཤ་གཅོད་དགོས་པ་དེ་ཡིན་ལ། དེ་ཡང་ན་གཞོན་རྩོམ་སྒྲིག་པ་ཞིག་གི་ཆ་ནས་ཐོག་མའི་ཞིབ་བཤེར་སྐབས་སུ་ཡིད་ལ་འཛིན་དགོས་པའི་གཙོ་གནད་དང་དཀའ་གནད་ཡིན། ན་གཞོན་རྩོམ་སྒྲིག་པ་ཞིག་ཡིན་པའི་ཆ་ནས་ཐོག་མར་དུས་དེབ་ཁང་དུ་འབྱོར་པའི་རྩོམ་ཡིག་ཞིབ་ཏུ་བཀླག་དགོས་པ་དང་དེའི་རྗེས་ཞིབ་ཚགས་ངང་རྩོམ་ཡིག་ཧྲིལ་བོ་ལས་ལུང་རིགས་ཀྱི་ནང་དོན་ཆ་ཤས་ཞིབ་བསྡུར་བྱ་དགོས། འདི་ལྟར་བསྒྲུབས་ན་རྩོམ་ཡིག་གི་གསར་གཏོད་རང་བཞིན་དང་ཚད་ལྡན་རང་བཞིན། དེ་བཞིན་གསང་སྲུང་རང་བཞིན་ལ་བརྡར་བ་ལེགས་པོར་གཅོད་ཐུབ།


     1.གསར་གཏོད་རང་བཞིན་གྱི་བརྡར་གཅོད།    དུས་དེབ་ཀྱི་རྒྱུ་སྤུས་ནི་དུས་དེབ་དུ་བཀོད་པའི་རྩོམ་ཡིག་གི་རྒྱུ་སྤུས་ལ་རག་ལས་ཡོད། རྩོམ་ཡིག་གི་རྒྱུ་སྤུས་ནི་རྩོམ་ཡིག་ལ་གསར་གཏོད་རང་བཞིན་ཡོད་མེད་ལ་རག་ལས་ཡོད། རྒྱུ་རྐྱེན་དེའི་དབང་གིས་གསར་གཏོད་ནི་རྩོམ་ཡིག་གི་ཚེ་སྲོག་དང་རྣམ་ཤེས་ལྟ་བུ་ཡིན་ལ་དེ་ཡང་རྩོམ་སྒྲིག་པའི་ཐོག་མའི་ཞིབ་བཤེར་གྱི་གཙོ་གནད་ཡིན། རྩོམ་ཡིག་གི་གསར་གཏོད་རང་བཞིན་ནི་རྩོམ་ཡིག་གི་ལྟ་བ་དང་ལུང་རིགས། ཐབས་ཤེས་དང་ལག་རྩལ་སོགས་ལས་མངོན་ཐུབ་ལ། རྩོམ་པ་པོའི་ཞིབ་འཇུག་གི་ཁ་ཕྱོགས་གང་དུ་གཏད་ཡོད་རུང་། གནད་དོན་གང་ཞིག་ལ་ལུང་རིགས་གིས་དཔྱད་ཡོད་རུང་། རྩོམ་སྒྲིག་པས་རྩོམ་ཡིག་དེ་ལ་རིན་ཐང་ཡོད་པར་འདོད་དགོས། གལ་ཏེ་ཕྱོགས་གང་ཐད་ནས་ཐོད་བརྒལ་ཡོད་པ་ཡིན་ན། ཞིབ་འཇུག་དེའི་ཆུ་ཚད་མཐོན་པོ་ཡོད་པར་མཚོན་ཐུབ། འོན་ཀྱང་ན་གཞོན་རྩོམ་སྒྲིག་པར་ཞིབ་བཤེར་ཕྱོགས་ནས་ཉམས་མྱོང་གིས་མ་འདང་བས། རྩོམ་ཡིག་གི་གསར་གཏོད་རང་བཞིན་ལས་ཕྱོགས་གང་གཙོ་བོ་འཛིན་དགོས་པ་མི་ཤེས་པས། རྒྱུ་རྐྱེན་དེའི་དབང་གིས། ང་རང་གི་བསམ་ཚུལ་ཡིན་ན་ན་གཞོན་རྩོམ་སྒྲིག་པས་རྩོམ་ཡིག་གི་གསར་གཏོད་རང་བཞིན་ལ་ངེས་པར་ཏུ་ཐག་གཅོད་བྱ་དགོས་ན།

     ཐོག་མར། རྩོམ་ཡིག་ཧྲིལ་པོ་ཞིབ་ཀློག་བྱེད་པའི་རྨང་གཞིའི་སྟེང་ཡིག་རིགས་མི་འདྲ་བའི་དཔྱད་རྩོམ་འཚོལ་ཞིབ་སྟེགས་བུ་བཀོལ་ནས་བསྐྱར་ཟློས་ཡོད་མིན་ལ་བལྟ་དགོས་ལ། གཙོ་བོ་ནི་རྩོམ་ཡིག་ལས་བྱུང་པའི་བསྐྱར་ཟློས་དེ་ཕྱོགས་གང་ནས་ཡིན་པ་དང་། གལ་ཏེ་ཚོད་ལྟའི་ཕྱོགས་ཡིན་ན་ཡིག་འབྲུ་རེ་རེ་བཞིན་ཞིབ་ཀློག་བྱ་དགོས། བསྐྱར་ཟློས་ཉུང་ཉུང་ཡིན་ན་ཡང་རྩོམ་ཡིག་ཕྱིར་སྤྲོད་བྱ་དགོས། གལ་ཏེ་བསྐྱར་ཟློས་ཡོད་ན་རྩོམ་པ་པོས་ཡི་གེའི་རོལ་རྩེད་རྩེ་བཞིན་ཡོད་ལ་ཡིག་ཚོགས་ལོན་ཐབས་བྱས་པ་ཡིན་པས། ཚོད་ལྟའི་གཞི་གྲངས་ཕྱོགས་ནས་རྫུན་བཟོ་བྱས་ཡོད་པའི་ཉེན་ཁ་ཡོད། གལ་ཏེ་རྩོམ་ཡིག་དེ་འཕྲོ་རིམ་འཕྲོར་ཕྲེང་རྡོག་ལྟར་ལུང་དང་རིགས་པ་དྲངས་ཡོད་ན་དེ་ཡང་ཡིག་ཚོགས་ལོན་ཐབས་ཀྱི་གྲས་སུ་བརྩི་ཆོག །དེ་མིན་རང་གི་ལྟ་བ་སོགས་ཉུང་ལ་ལུང་དང་རིགས་པ་སོགས་མང་ན་དེ་ཡང་ཡིག་ཚོགས་ལོན་པའི་གྲས་སུ་བརྩི་ཆོག་ཏེ། རྩོམ་ཡིག་ཕྱིར་སྤྲོད་བྱས་ཆོག །

     གཉིས་ནས། རྩོམ་ཡིག་གི་སྔོན་དུ་འགྲོ་བའི་གཏམ་དང་མཇུག་གི་ཚད་ལྡན་གྱི་དཔྱད་གཞིའི་ཡིག་ཆ་ལས་རྩོམ་ཡིག་དང་འབྲེལ་ཡོད་ཀྱི་ཚད་ལྡན་གྱི་ཡིག་ཆ་འཚོལ་བཤེར་བྱས་ཆོག །ཚད་ལྡན་གྱི་དཔྱད་གཞིའི་ཡིག་ཆར་འཚོལ་བཤེར་དང་ཞིབ་བསྡུར་བྱས་ནས་རྩོམ་པ་པོའི་རྩོམ་ཡིག་ལ་གསར་གཏོད་ཀྱི་རིན་ཐང་དང་ནུས་པ་ཡོད་མེད་བརྡར་གཅོད་བྱས་ཆོག །


 གསུམ་ནས། རྩོམ་སྒྲིག་པས་རྩོམ་པ་པོའི་རྩོམ་ཡིག་དང་ཞིབ་འཇུག་ཁ་ཕྱོགས། ཐ་ན་རྩོམ་པ་པོའི་ལས་ཁུངས་སོགས་རྩ་བའི་ཆ་འཕྲིན་བརྒྱུད་ནས་རྩོམ་ཡིག་ལ་གསར་གཏོད་ཡོད་མེད་བརྡར་ཤ་བཅད་ཆོག ། 


     2.བདེན་དོན་རང་བཞིན་ལ་བརྡར་གཅོད་བྱེད་པ། རྩོམ་ཡིག་གི་བདེན་དོན་རང་བཞིན་ནི་གཙོ་བོ་ཚན་རིག་རྩོམ་ཡིག་གི་རྒྱུ་ཆ་བདེན་མིན་བདེན། ཚོད་ལྟའི་འབྲས་བུ་ངོ་མ་ཡིན་མིན། དོན་དངོས་ལས་གཡོལ་ཏེ་རྫུན་བཟོ་དང་ཆེ་བསྒྲོགས་བྱས་ཡོད་མེད་དང་། ཡང་ན་འབྲས་བུ་ཉུང་བསྡུས་བྱས་ནས་དོན་དངོས་བརྗོད་པ་གནད་དུ་འཁེལ་ཡོད་མིན་སོགས་ཡིན། དེ་ཡང་གཙོ་བོ་རྩོམ་ཡིག་གི་ཞིབ་འཇུག་ཁ་ཕྱོགས་དང་འཐབ་ལམ་གྱིས་ར་སྤྲོད་བྱས་པའི་ཚོད་ལྟའམ་ལུང་རིགས་ཀྱི་གཞི་གྲངས་དང་མཇུག་འབྲས་ཡིན། རྩོམ་ཡིག་གི་བདེན་དོན་རང་བཞིན་ལ་ཐག་གཅོད་བྱེད་པ་ནི་ཕྱོགས་གཅིག་ནས་རིག་གཞུང་དང་དཔྱད་གཞིའི་ཡིག་ཆ་སོགས་ལས་རྩོམ་ཡིག་ལ་ཞིབ་བཤེར་བྱས་པའི་མཇུག་འབྲས་ལས་མངོན་ཐུབ་ལ། ཕྱོགས་གཞན་ཞིག་ནས་མི་སོ་སོའི་དུས་རྒྱུན་གྱི་རིག་གནས་ཀྱི་གསོག་འཇོག་དང་ཉམས་མྱོང་བསྡུ་རུབ་སོགས་རྩོམ་ཡིག་གི་ཁུངས་ལུངས་དྲངས་པའི་དཔྱད་གཞིའི་ཡིག་ཆ་དང་འབྲེལ་ནས་དེའི་ནང་དོན་ངོ་མ་ཡིན་མིན་དང་ཡིད་ཆེས་ཆོག་མིན་དེ་ཡིན། མདོར་བསྡུས་ནས་བཤད་ན། ཕྱོགས་སོ་སོའི་རིག་གནས་བཀོལ་སྤྱོད་བྱེད་ཐུབ་ན་ད་བཟོད་དོན་དངོས་དང་མཐུན་པའི་བརྡར་ཤ་གཅོད་ཐུབ།


     3.ཚད་ལྡན་རང་བཞིན་གྱི་བརྡར་གཅོད་བྱེད་པ། རྩོམ་ཡིག་གི་ཚད་ལྡན་གྱི་མཚོན་ཚུལ་ནི་རྩོམ་ཡིག་གི་རྒྱུ་སྤུས་ཀྱི་ཆེས་ཐད་ཀར་གྱི་མཚོན་ཐབས་ཡིན་ལ། རྩོམ་པ་པོའི་རིག་ཚན་གྱི་ཞིབ་འཇུག་དང་རྩོམ་འབྲིའི་རྣམ་འགྱུར་མཚོན་ཐབས་ཀྱང་ཡིན། དུས་དེབ་གང་ཡིན་རུང་དེ་ལ་རང་ཉིད་ཀྱི་ཐུན་མིན་གྱི་ཁྱད་ཆོས་དང་ཆ་རྐྱེན་ཡོད་པས། ན་གཞོན་རྩོམ་སྒྲིག་པར་མཚོན་ནས་བཤད་ན། དུས་དེབ་ཏུ་བསྐུར་པའི་རྩོམ་ཡིག་འབྱོར་རྗེས། རྩོམ་ཡིག་གི་རིག་གཞུང་ཕྱོགས་ལ་བརྡར་ཤ་གཅོད་དགོས་པས་མ་ཚད། ད་རུང་རྩོམ་ཡིག་གི་ཁྱབ་ཁོངས་དང་རྩོམ་ཡིག་གི་འབྲི་ཐབས་ཀྱི་ཕྱོགས་ལ་ཡང་བརྡར་གཅོད་བྱ་དགོས།

     གཅིག །རྩོམ་ཡིག་ཧྲིལ་བོའི་རྣམ་བཞག་འགྲིག་ཡོད་མེད་ལ་བལྟ་དགོས། ཁ་བྱང་དང་རྩོམ་པ་པོ། རྩོམ་པ་པོའི་ལས་ཁུངས། ནང་དོན་གནད་བསྡུས། བརྡ་ཆད་གཙོ་བོ། རྩོམ་ཡིག་གི་འགོ་བརྗོད། ཚོད་ལྟའམ་ལུང་རིགས་ཀྱི་རྩ་བའི་རིག་པ། ཚོད་ལྟའམ་ལུང་རིགས་ཀྱི་ཐབས་ལམ། དཔྱད་བསྡུར་རམ་ཚོད་ལྟའི་མཇུག་འབྲས། དཔྱད་གཞིའི་ཡིག་ཆ་སོགས་རྩོམ་ཡིག་དངོས་སུ་ཆ་ཚང་མིན།

     གཉིས། རྩོམ་ཡིག་ཁྲོད་ཀྱི་རེའུ་མིག་གི་ནང་དོན་ཚད་ལྡན་གྱི་བླང་བྱ་དང་མཐུན་མིན་ལ་བལྟ་དགོས། གལ་ཏེ་རྣམ་གྲངས་སོགས་ཁ་མི་ཚང་བ་ཡོད་ན་རྩོམ་པ་པོར་ཁ་གསབ་བྱ་དགོས་པའི་བླང་བྱ་འདོན་དགོས། རེའུ་མིག་ལས་གཙོ་བོ་རྩོམ་ཡིག་གི་ཁ་བྱང་དང་རེའུ་མིག་ཁྲོད་ཀྱི་ནང་དོན་མཐུན་མིན་ལ་བལྟ་དགོས་པ་དང་། རེའུ་མིག་ལས་ལེ་ཚན་དང་དེ་བཞིན་སྡེ་ཚན་སོགས་འཚམ་མིན་ལ་བལྟ་དགོས།

     གསུམ། རྩོམ་ཡིག་གི་ཚད་དང་སྡེ་ཚན་གཉིས་ཚད་ལྡན་གྱི་བླང་བྱ་དང་མཐུན་མིན་ཞིབ་བཤེར་བྱ་དགོས། གལ་ཏེ་རྩོམ་ཡིག་ཚད་དང་སྡེ་ཚན་སོགས་དང་མི་འཚམ་པ་ཡོད་ཚེ་རྩོམ་པ་པོར་དག་བཅོས་བྱེད་པའི་དྲན་སྐུལ་བྱ་དགོས།

     བཞི། དཔྱད་གཞིའི་ཡིག་ཆ་ནི་ཚད་ལྡན་རང་བཞིན་ཡིན་མིན་དང་འདྲ་བཟོས་དང་བཤུ་འབྲི་སོགས་ཡོད་མེད་ལ་ཞིབ་བཤེར་ནན་མོ་བྱ་དགོས། གལ་ཏེ་དཔྱད་གཞིའི་ཡིག་ཆ་ཚད་ལྡན་གྱི་བླང་བྱ་དང་མི་མཐུན་པ་ཡོད་ཚེ། རྩོམ་སྒྲིག་པས་རྩོམ་པ་པོར་མ་ཡིག་ཚད་ལྡན་བསྟན་ནས་ཚད་ལྡན་གྱི་ཡིག་ཆ་ལྟར་བཟོ་བཅོས་བྱེད་པའི་རེ་འདུན་སྟོན་དགོས།

      

    བཞི། གཅིག་མཐུན་རང་བཞིན་བཞི་ཞིབ་བཤེར་ནན་མོ་བྱ་དགོས། 


     རྩོམ་སྒྲིག་པས་རྩོམ་ཡིག་སྤྱི་ཁོག་ནས་ཞིབ་བཤེར་བྱས་པའི་རྨང་གཞིའི་ཐོག་ཚན་པ་རེ་རེ་དང་དུམ་ཚན་རེ་རེ་བཞིན་ཞིབ་མོའི་ངང་ཞིབ་བཤེར་བྱས་པ་དེར་གཅིག་མཐུན་རང་བཞིན་གྱི་ཞིབ་བཤེར་ཞེས་བྱ། དེ་ལྟར་གོམ་གང་མདུན་སྤོས་ཀྱིས་རྩོམ་ཡིག་གི་རྒྱུ་སྤུས་ལ་རྒྱུས་ལོན་བྱེད་ཐུབ། གཅིག་མཐུན་རང་བཞིན་གྱི་ཞིབ་བཤེར་ཞེས་པ་རུ་གཙོ་བོ་མཚན་ཉིད་དང་མཚོན་རྟགས་སོགས་རྩོམ་ཡིག་ནང་དུ་ཞིབ་འབྲི་བྱས་པའི་སྔ་ཕྱིའི་གཅིག་མཐུན་རང་བཞིན་དང་རེའུ་མིག་ལས་མཚོན་པར་བྱས་པའི་ནང་དོན་དང་རྩོམ་ཡིག་ནང་དུ་ཞིབ་འབྲི་བྱས་པའི་ནང་དོན་གྱི་གཅིག་མཐུན་རང་བཞིན། རེའུ་མིག་གི་ཁ་བྱང་དང་རེའུ་མིག་རང་སྟེང་གི་ནང་དོན་གྱི་གཅིག་མཐུན་རང་བཞིན་དང་རྩོམ་ཡིག་ནང་གི་དཔྱད་གཞིའི་ཡིག་ཆ་དང་རྩོམ་ཡིག་རྗེས་ཀྱི་དཔྱད་གཞིའི་ཡིག་ཆའི་གཅིག་མཐུན་རང་བཞིན་སོགས་འདུས་ཡོད།

     1.མཚན་ཉིད་དང་མཚོན་རྟགས་སོགས་རྩོམ་ཡིག་ནང་དུ་ཞིབ་འབྲི་བྱས་པའི་སྔ་ཕྱིའི་གཅིག་མཐུན་རང་བཞིན། རྩོམ་སྒྲིག་པས་མཚན་ཉིད་ཀྱི་གོ་དོན་དང་ཁྱབ་བྱེད་ཁོང་དུ་ཆུད་པར་བྱེད་དགོས་ལ། མཚན་ཉིད་ཀྱི་སྔ་ཕྱིའི་འགྲེལ་བརྗོད་གཅིག་མཐུན་ཡིན་དགོས། མཚོན་རྟགས་དང་རིམ་སྒྲིག་ཨང་གྲངས་ཀྱི་གནད་དོན་ཡང་དེ་བཞིན་ཡིན། རིམ་སྒྲིག་ཨང་གྲངས་ཀྱི་ཐད་ནས། སྐབས་ལན་རེར་རྩོམ་ཡིག་ཁྲོད་དུ་ལུང་རིགས་ཀྱི་དཔེ་མང་པོ་ཡོད་པས། ཨང་རིམ་གྱིས་མཚོན་ན་ནོར་འཁྲུལ་འབྱུང་པའི་ཉེན་ཁ་ཡོད་པས། རྩོམ་སྒྲིག་པས་རིམ་སྒྲིག་ཨང་གྲངས་ཡོད་ས་རུ་ནན་གྱིས་ཞིབ་བཤེར་དང་གཅིག་འཕྲོ་གཅིག་ཏུ་བྱུང་པའི་རིམ་སྒྲིག་ཨང་གྲངས་ཐད་ལ་ནན་མོས་ཞིབ་བཤེར་བྱ་དགོས།


     2.རེའུ་མིག་ལས་མཚོན་པར་བྱས་པའི་ནང་དོན་དང་རྩོམ་ཡིག་ནང་དུ་ཞིབ་འབྲི་བྱས་པའི་ནང་དོན་གྱི་གཅིག་མཐུན་རང་བཞིན། དུས་རྒྱུན་པར་རེའུ་མིག་ལས་མཚོན་པར་བྱས་པའི་ནང་དོན་དང་རྩོམ་ཡིག་ནང་དུ་ཞིབ་འབྲི་བྱས་པའི་ནང་དོན་གཅིག་མཐུན་མི་ཡོང་པ་དང་། ནང་དོན་གཉིས་ལ་མང་ཉུང་དང་འགྲིག་མིན་གྱི་ནོར་འཁྲུལ་འབྱུང་སླ་བ། གནས་ཚུལ་དེ་ལྟ་བུའི་འོག་ཏུ་རྩོམ་སྒྲིག་པས་རྩོམ་ཡིག་ལ་ཞིབ་བཤེར་བྱེད་པའི་སྐབས་སུ་རྩོམ་པ་པོའི་ཞིབ་འབྲི་ལ་མཉམ་འཇོག་ནན་མོ་བྱ་དགོས། གལ་ཏེ་རེའུ་མིག་ཏུ་xཡིན་ན་ནང་དོན་དུ་ཡང་ངེས་པར་ཏུ་xཡིན་དགོས། དེ་ལྟར་རེའུ་མིག་དང་ནང་དོན་གཉིས་ལ་གཅིག་མཐུན་རང་བཞིན་བྱུང་མེད་ཚེ་རྩོམ་སྒྲིག་པས་རྩོམ་པ་པོར་ཞིབ་བརྗོད་བྱས་པ་འགྲིག་མེད་པའི་སྐུལ་མ་བྱས་ནས། རྩོམ་ཡིག་ལ་ཞུ་དག་བྱས་ཏེ་རེའུ་མིག་དང་ནང་དོན་གཅིག་མཐུན་ཡོང་བར་བྱ་དགོས།


     3.རེའུ་མིག་གི་ཁ་བྱང་དང་རེའུ་མིག་རང་སྟེང་གི་ནང་དོན་གྱི་གཅིག་མཐུན་རང་བཞིན། དུས་རྒྱུན་རེའུ་མིག་གི་ཁ་བྱང་དང་རེའུ་མིག་རང་སྟེང་གི་ནང་དོན་གཅིག་མཐུན་མེད་པ་དང་གཅིག་མཐུན་མིན་པའི་གནས་ཚུལ་འབྱུང་སྲིད། ཐ་ན་རྩོམ་ཡིག་གི་ནང་དོན་དང་འབྲེལ་བ་མེད་པའི་གནས་ཚུལ་ཡང་འབྱུང་སྲིད། གནས་ཚུལ་དེ་ལྟ་བུའི་འོག །རྩོམ་སྒྲིག་པས་རེའུ་མིག་ལ་ལྟ་བའི་སྐབས་སུ་རེའུ་མིག་གི་ནང་དོན་དང་རྩོམ་ཡིག་ནང་དོན་གཉིས་བསྡུར་བ་བྱས་ནས་ལེ་ཚན་དང་རྩོམ་ཡིག་གི་ཞིབ་འབྲི་གཅིག་མཐུན་ཡོང་བར་བྱ་དགོས།


     4.རྩོམ་ཡིག་ནང་གི་དཔྱད་གཞི་ཡིག་ཆ་དང་རྩོམ་ཡིག་རྗེས་ཀྱི་དཔྱད་གཞིའི་ཡིག་ཆའི་གཅིག་མཐུན་རང་བཞིན། གཅིག་ནི་རྩོམ་ཡིག་གི་ནང་དུ་བཀོལ་ཡོད་པའི་དཔྱད་གཞི་ཡིག་ཆ་ལ་རིམ་སྒྲིག་ཨང་རྟགས་བཀོད་མེད་པ་དང་རྩོམ་ཡིག་གི་རྗེས་སུ་དཔྱད་གཞི་ཡིག་ཆ་བཀོལ་ཡོད་པ། འདི་ལྟ་བུ་རིག་གཞུང་དཔྱད་རྩོམ་གྱི་ཆ་རྐྱེན་དང་མི་འཚམ་པས། རྩོམ་སྒྲིག་པས་རྩོམ་པ་པོར་རྩོམ་ཡིག་རྗེས་ཀྱི་དཔྱད་གཞིའི་ཡིག་ཆ་དང་རྩོམ་ཡིག་ནང་གི་དཔྱད་གཞིའི་ཡིག་ཆ་ལ་རིམ་སྒྲིག་ཨང་གྲངས་གཅིག་མཐུན་ཡོང་པར་བྱ་དགོས་པའི་བླང་བྱ་བཏོན་ནས་ཚད་ལྡན་གྱི་རིག་གཞུང་དཔྱད་རྩོམ་དུ་བསྒྱུར་དགོས། གཉིས་ནི་རྩོམ་པ་པོས་རྩོམ་ཡིག་ནང་དུ་དཔྱད་གཞིའི་ཡིག་ཆ་ལ་རིམ་སྒྲིག་ཨང་རྟགས་བཀོད་པ་ཤིན་ཏུ་ཉུང་ལ་རྩོམ་ཡིག་རྗེས་སུ་དཔྱད་གཞིའི་ཡིག་ཆ་བཀོལ་པ་ཤིན་ཏུ་མང་། གནས་ཚུལ་འདི་ལྟ་བུ་ལའང་རྩོམ་སྒྲིག་པས་རྩོམ་པ་པོར་དཔྱད་གཞི་ཡིག་ཆ་གཉིས་གཅིག་མཐུན་ཡོང་པའི་སྐུལ་མ་བྱ་དགོས། གསུམ་ནི་རྩོམ་ཡིག་ནང་གི་དཔྱད་གཞིའི་ཡིག་ཆ་དང་རྩོམ་ཡིག་རྗེས་ཀྱི་དཔྱད་གཞིའི་ཡིག་ཆ་གཉིས་མི་འདྲ་བའི་ཆ་ཡོད་པ། གནས་ཚུལ་འདི་ལྟ་བུ་ནི་རྩོམ་པ་པོས་དཔྱད་གཞིའི་ལུང་རིགས་བསྐྱར་ཟློས་སམ་ཐེངས་གཉིས་ལ་བཀོལ་བའི་གནས་ཚུལ་ཡོད་པས། རྩོམ་སྒྲིག་པས་རྩོམ་ཡིག་གི་དཔྱད་གཞིའི་ཡིག་ཆ་རེ་རེ་བཞིན་གཤིབ་བསྡུར་བྱས་ནས་རྩོམ་ཡིག་གི་ཆ་རྐྱེན་དང་མི་འཚམ་པའི་དཔྱད་གཞིའི་ཡིག་ཆ་ལོགས་སུ་བགར་ནས་རྩོམ་པ་པོར་རེ་རེ་བཞིན་བཅོས་སུ་བཅུག་སྟེ་རྩོམ་ཡིག་ནང་གི་དཔྱད་གཞི་ཡིག་ཆ་དང་རྩོམ་ཡིག་རྗེས་ཀྱི་དཔྱད་གཞིའི་ཡིག་ཆ་གཅིག་མཐུན་ཡོང་བར་བྱ་དགོས།


    མཇུག་བསྡུ་བའི་གཏམ། 


     རིག་གཞུང་རྩོམ་ཡིག་ལ་ཐོག་མའི་ཞིབ་བཤེར་བྱེད་པའི་ལས་ཀ་ནི་དཀའ་ཚེགས་ཆེ་ལ་ཞིབ་ཚགས་དགོས་པའི་ལས་ཀ་ཞིག་ཡིན། ལས་ཀ་དེའི་བཟང་ངན་དང་ཞིབ་ཚགས་ཡོད་མེད་ཀྱིས་ལས་རིམ་རྗེས་མའི་རིགས་གཅིག་མཁས་པའི་ཞིབ་བཤེར་དང་རྩོམ་སྒྲིག་པའི་ལས་ཀར་ཤུགས་རྐྱེན་ཆེན་པོ་བཟོ་ངེས། དེའི་རྐྱེན་གྱིས་རིག་གཞུང་དུས་དེབ་ཀྱི་ན་གཞོན་རྩོམ་སྒྲིག་པས་ཐོག་མའི་རྩོམ་ཡིག་ལ་ཞིབ་བཤེར་བྱེད་པའི་ནུས་པ་མཐོ་རུ་གཏང་འདོད་ན། ཕྱོགས་གཅིག་ནས་རྩོམ་སྒྲིག་ལས་ཀའི་ཤེས་བྱར་ཤུགས་སྣོན་བྱ་དགོས་པ་དང་། རྩོམ་སྒྲིག་ལས་ཀའི་ཁྲོད་འཕྲད་པའི་གནད་དོན་རྩོམ་སྒྲིག་པ་རྒན་པར་ཞིབ་འདྲི་དང་མཛུབ་སྟོན་ཞུ་དགོས། ཕྱོགས་གཞན་ཞིག་ནས་ཆེད་ལས་ཤེས་བྱར་སྦྱངས་བརྩོན་བྱ་རྒྱུར་མཐོང་ཆེན་བྱ་དགོས་པ་དང་ཆེད་ལས་ཀྱི་མདུན་ལྗོངས་དང་ཞིབ་འཇུག་གི་གནས་ཚུལ། གླེང་མང་གནད་དོན་སོགས་ཁོང་དུ་ཆུད་པར་བྱས་ཏེ། རང་ཉིད་ཀྱི་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་ཚད་ལྡན་གྱི་རིག་གཞུང་དུས་དེབ་ཀྱི་རྩོམ་སྒྲིག་པ་ཞིག་ལ་འབད་དགོས། །


      ཅོ་བྱང་སྐར་གྱིས་བསྒྱུར། 2022ལོའི་ཟླ་7པའི་ཚེས་20ཉིན། སྤོས་ལྡན་གྲོང་ནས་ནས་གྲུབ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1