རྒྱལ་བའི་སྐུ་རྟེན་གྱི་ཁྲི་རྒྱབ་ལ་རྒྱས་བསྡུས་སྣ་ཚོགས་ཤིག་འབྱུང་ཡང་། བླ་མའི་ཡོན་ཏན་ཡོངས་གཟུང་གི་རྒྱུད་དོན་བཞིན་གདན་ཁྲི་རྒྱབ་ཡོལ་དང་བཅས་པ་ལ་བྱང་ཕྱོགས་ཀྱི་ཆོས་ཀྱི་སྡེ་ཚན་བདུན་དག་པའི་ཆོས་དང་སྦྱར་བ་ཁྲི་འགྱོགས་ལེ་ཚན་བདུན་དུ་གྲགས་པ་ནི། ཁྲི་གདན་ཁྲི་གདོང་ཁྲི་ཡི་རྐང་ཁྲི་རྨང་གཉིས་དང་བ་གམ་ལན་ཀན་ཏེ་རྣམ་པ་བདུན་ནོ།། ཁྲི་ལ་འདེགས་བྱེད་དུ་སེང་གེ་སོགས་ཡོད་པའི་མཚོན་བྱ་ནི། སེང་གེས་སྟོབས་བཅུ་དང་། གླང་ཆེན་གྱིས་སོ་སོ་ཡང་དག་པའི་རིག་པ། རྟ་མཆོག་གིས་དབང་བཅུ། རྨ་བྱས་སྨོན་གནས་ཤེས་པ། ཤང་ཤང་གིས་བྱང་ཆུབ་ཀྱི་ཕྱོགས་མཚོན་པ་བཅས་ཡིན་ཞིང་། འདེགས་བྱེད་ཀྱི་བར་དུ་ནོར་བུས་སྤྲས་པའི་ཀ་བ། བ་གམ། པད་ཆུང་སོགས་རིམ་པ་གཞན་ལའང་པདྨ་པ་ཏྲ། ཕྲ་ཚོམ་སོགས་དང་། ཁྲི་ཁེབས་མཛེས་པར་བཀོད་པའི་སྟེང་དུ་བྱང་ཕྱོགས་ཀྱི་ཆོས་མཚོན་པའི་ནོར་བུ། སྒྲིབ་པ་གསུམ་གྱི་སྐྱོན་གྱིས་མ་གོས་པ་མཚོན་པའི་པདྨ། བདེན་གཉིས་ལས་དོན་དམ་ཨེ་མཚོན་པའི་ཉི་མ་དང་ཀུན་རྫོབ་ཝཾ་མཚོན་བྱེད་ཟླ་བ་ཡིན། རྒྱབ་ཡོལ་གྱི་མཐའ་ལ་ཡོད་པའི་རི་མོས་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ངོ་བོའམ་མཚན་མ་སྟོན་པ་སྟེ།སྤྱི་གཙུག་གི་སྟེང་དུ་མཁའ་ལྡིང་ཁྱུང་རྭ་ནོར་བུས་བརྒྱན་ཅིང་སྦྲུལ་ཟ་བ་ཅན་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་མཚོན་ལ། དེ་ལས་དམའ་ཙམ་གྱི་གཡས་གཡོན་དུ་ཀླུ་ཕྲུག་སྦྲུལ་གྱི་མཇུག་མ་ཅན་གཉིས་ཡོད་པ་དེས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་མཚོན། དེའི་འོག་གི་ཕྱོགས་གཉིས་ཀྱི་གདུང་ནོར་བུས་སྤྲས་པའི་སྟེང་དུ་ཡོད་པའི་ཆུ་སྲིན་པ་ཏྲའི་མཇུག་མ་ཅན་གྱིས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་མཚོན། དེའི་འོག་གཉིས་སུ་མཛེས་པའི་བུ་ཆུང་ཤིང་ལོ་གྱོན་པ་གཉིས་ཀྱིས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་མཚོན། དེའི་འོག་གཉིས་སུ་རི་དྭགས་ཤ་རལ་ཅན་རྭ་གཅིག་པ་ཅན་གཉིས་ཡོད་པ་དེས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་མཚོན། དེའི་འོག་ཏུ་གླང་བོ་རིན་པོ་ཆེའི་རྒྱན་གྱིས་སྤྲས་ཤིང་སྣས་བུམ་པ་བཟུང་བ་དེས་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་མཚོན་པ་ཡིན། དེ་དག་གི་བར་གསེང་དུ་ཤིང་ལོ་དང་པ་ཏྲ། འབྲས་བུ་དང་མེ་ཏོག འཇའ་སྤྲིན་ཕྲ་ཚོམ་སོགས་བཀོད་པ་ནི་རྒྱན་སྤྲོས་ཡིན་པ་ལས་མཚོན་བྱ་གཞན་མེད། རྒྱབ་ཡོལ་ཁག་ཅིག་གིས་གླང་བོ་རིན་པོ་ཆེས་བརྒྱན་པའི་གོང་དུ་གངས་ཀྱི་སེང་གེ་བསྣན་ཏེ་བདུན་རེ་བྱེད་པ་ནི་བོད་བཟོ་ཁོ་ནའི་ལུགས་སུ་སྣང་ངོ་། །བོད་ཀྱི་མཁས་པ་མང་པོས་ཁྲི་དྲུག་འགྱོགས་འདི་རྒྱ་གར་ན་ལྷ་ཁང་གི་སྒོ་རྒྱན་དུ་ཡོད་པ་ལྷའི་རྒྱབ་ཡོལ་དུ་འཁྲུལ་ནས་བོད་དུ་དེའི་རྒྱུན་སྤེལ་ནས་འབྱམས་པར་གྱུར་པ་ལས་དེ་ལ་ཁུངས་ཡང་དག་མེད་པར་འདོད་པ་དང་། ཀོང་སྤྲུལ་བས་ཡང་དག་པར་འདོད་པ་སོགས་མཁས་པའི་བཞེད་པ་ལ་མི་མཐུན་པ་སྣང་ཡང་། འདིར་དེ་ལ་དགག་གཞག་སྤོང་གསུམ་བྱ་རྒྱུའི་དགོས་པ་གང་ཡང་མ་མཆིས་སོ།།