༄༅།།པང་གདན་གྱི་སྤྱོད་གོ་ཁྱེད་ཀྱིས་ཤེས་སམ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 08-05


        བོད་རིགས་ཀྱི་བུད་མེད་ཚོས་ཚོན་ཁྲ་ཡིད་དུ་འོང་བའི་པང་གདན་འཆིང་སྲོལ་དེ་ཇི་ལྟར་དར་བ་དང་། དེ་ལ་འགྱུར་བ་གང་ཞིག་བྱུང་ཡོད་ཟེར་ན། དེང་སྐབས་རང་རེས་མཐོང་བའི་བུད་མེད་ཚོས་འཆིང་བའི་པང་གདན་ནི་དུས་ཡུན་རིང་པོའི་ནང་རྒྱུན་ཆད་མེད་པར་ལེགས་བཅོས་བྱས་ནས་བྱུང་བ་ཞིག་ཡིན། པང་གདན་འཆིང་སྲོལ་ནི་གནམ་གཤིས་དང་། འཚོ་བའི་དགོས་མཁོར་གཞིགས་ཏེ་ཆགས་པའི་གོམས་སྲོལ་ཞིག་མིན་ནམ་སྙམ། གང་ལགས་ཤེ་ན། ཐོག་མར་པང་གདན་འཆིང་དོན་ནི་གཅིག་ནས་བུད་མེད་ཚོས་ཕྲུ་གུ་པང་དུ་ཉར་བ་དང་མེ་ཤིང་སྒྲུག་པ་སོགས་ཀྱི་ཟད་རྟེན་ཡིན་ཞིང་། གཉིས་ནས་བོད་རིགས་བུད་མེད་ཚོ་ནི་ལས་ལ་བརྩོན་ཞིང་ཁྱིམ་སྐྱོང་མཁས་པ་དང་སྤྱོད་ཚུལ་བཟང་པོ་ཡོད་པས། ཕྱིར་འགྲོ་སྐབས་མེ་ཤིང་དང་། གཟན་རྩྭ་སོགས་མཐོང་ཚེ་སྒྲུག་པའི་གོམས་གཤིས་ཡོད་སྟབས་པང་གདན་ནི་བླུག་སྣོད་སྟབས་བདེ་ཞིག་ཡིན། གསུམ་ནས་པང་གདན་བཅིངས་པ་དེས་མདུན་ཕྱོགས་ཀྱི་རླུང་བཀག་ནས་དྲོད་ལ་ཕན་པ་བཅས་ཀྱི་ནུས་པ་ཐོན་གྱི་ཡོད། སྤྱི་ཚོགས་འཕེལ་རྒྱས་ཕྱིན་པ་དང་དུས་མཚུངས་མིའི་འཚོ་བ་ཡང་རིམ་བཞིན་ཇེ་ལེགས་སུ་འགྲོ་བ་དང་བསྟུན་ནས། པང་གདན་ལའང་རྒྱུན་ཆད་མེད་པར་ལེགས་བཅོས་བྱུང་སྟེ་ཚོན་ཁྲ་ཡིད་དུ་འོང་བ་དང་། སྤུས་ཚད་ཇེ་མཐོར་ཕྱིན་ནས་ཐོག་མར་བེད་སྤྱོད་ཁོ་ནར་དམིགས་པ་ནས་རྗེས་སུ་རྒྱན་ཆར་གྱུར་བ་རེད།


        དེང་སྐབས་བོད་རིགས་ཀྱི་བུད་མེད་ཚོས་འཆིང་པའི་པང་གདན་ནི་རྒྱན་ཆ་ཁོ་ན་ཡིན་པ་དང་། ཚོན་ཁྲ་ཡང་འདྲ་མིན་སྣ་ཚོགས་ཡོད་ལ་སྤུས་ཚད་ལའང་དང་དོད་ཆེན་པོ་བྱེད་ཀྱི་ཡོད་པ་སྟེ། སྣམ་བུ་བྱིང་མའི་པང་གདན་དང་། སྤུ་ཕྲུག་གི་པང་གདན། ཤད་མའི་པང་གདན། སི་ཤན་གྱི་པང་གདན་སོགས་རིགས་མང་པོ་ཡོད་པའི་ཁར། མཛེས་རྒྱན་དུ་གོས་ཆེན་དང་ཀིན་ཁབ་སོགས་ལས་གྲུབ་པའི་གྲུ་གདན་དང་པང་མཐུད་བཅས་རྒྱག་པས། ཐུན་མོང་མ་ཡིན་པའི་བུད་མེད་ཀྱི་རྒྱན་གོས་ཞིག་ཏུ་གྱུར་ཡོད། དེ་བཞིན་པང་གདན་འཆིང་སྟངས་ལའང་ཡུལ་ལུང་སོ་སོར་རང་གི་ཁྱད་ཆོས་ལྡན་ཞིང་། སྟོད་ཕྱོགས་སུ་བུད་མེད་ཀྱིས་རྒྱབ་མདུན་གཉིས་ཀར་པང་གདན་དང་རྒྱབ་གདན་འཆིང་སྲོལ་ཡོད་པའི་ཁར། རྒྱབ་གདན་དུ་དངུལ་རྒྱན་འདྲ་མིན་སྣ་ཚོགས་འདོགས་ཀྱི་ཡོད་པ་དང་། དབུས་ཕྱོགས་ལ་བུད་མེད་གཉེན་སྒྲིག་མ་བྱས་གོང་པང་གདན་འཆིང་སྲོལ་མེད། །


《 བོད་ཀྱི་ལོ་རྒྱུས་དང་རིག་གནས་སྐོར་གྱི་དྲི་བ་དྲིས་ལན་བརྒྱ》 ལས་བཏུས། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1