རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་གཞོན། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་སྤྱི་ཟླ་8པའི་ཚེས་2ཉིན་ས་མཐོའི་བསྐྱར་དར་རྟགས་ཅན་གྱི་མྱུར་བགྲོད་མེ་འཁོར་ལ་བཞུགས་ནས་ལྷ་ས་ནས་ཁོང་གི་གདན་ས་གཞིས་ཀ་རྩེ་བཀྲ་ཤིས་ལྷུན་པོ་དགོན་པར་ལོག་ཕེབས་ཡོད་པ་རེད།
ཉིན་དེའི་ཆུ་ཚོད་11ཙམ་ལ། པཎ་ཆེན་རིན་པོ་ཆེ་དང་བཅས་པ་གཞིས་ཀ་རྩེར་བདེ་བླག་ངང་འབྱོར་བ་དང་། བཀྲ་ཤིས་ལྷུན་པོ་དགོན་པའི་བླ་མ་སྐྱེས་ཆེན་གྱི་སྐུ་ཚབ་ནས་པཎ་ཆེན་རིན་པོ་ཆེར་དཀར་གཙང་མཇལ་དར་ཕུལ་ཞིང་། པཎ་ཆེན་རིན་པོ་ཆེས་དགེ་འདུན་པ་དང་དེ་གར་ཕེབས་སྒུག་ཞུ་མཁན་དད་ལྡན་པ་རྣམས་ལ་འཚམས་འདྲིའི་ཕྱག་གཡུག་གཡུག་གནང་བ་རེད། བཀྲ་ཤིས་ལྷུན་པོ་དགོན་པའི་ཕེབས་ལམ་གྱི་གཞོགས་གཉིས་སུ་འཁོད་པའི་དགེ་འདུན་པས་ཆོས་ཀྱི་རོལ་མོ་འཁྲོལ་ཞིང་། ཕྱག་ཏུ་རྟེན་ཁེབས་བསྣམས་ནས་པཎ་ཆེན་རིན་པོ་ཆེར་ཕེབས་བསུ་ཞུས་ཡོད། རིན་ཆེན་གདུགས་འཛིན་པ་དང་རིན་རྒྱན་སྤོས་འཛིན་པའི་སྤྱན་འདྲེན་འོག པཎ་ཆེན་རིན་པོ་ཆེ་རྡོ་གཅལ་ཆེན་མོ་བརྒྱུད་ཚོགས་ཆེན་འདུ་ཁང་དུ་ཕེབས་ནས། ཇོ་བོ་ཤཱཀྱ་མུ་ནེའི་སྐུ་བརྙན་ལ་མཇལ་ཞུ་གནང་ཡོད།
སྤྱི་ཚེས་2ཉིན་གྱི་ཕྱི་དྲོ། པཎ་ཆེན་རིན་པོ་ཆེ་བླ་བྲང་ལྷ་ཁང་གི་བཞུགས་ཁྲིར་འཁོད་ནས། བླ་མ་སྐྱེས་ཆེན་ལ་མཇལ་ཁ་གནང་བ་མ་ཟད། དགེ་འདུན་པ་རྣམས་ལ་ཕྱག་དབང་གནང་བ་དང་། དགེ་འདུན་པའི་ཚོགས་ཀྱི་སྣེ་ཁྲིད་མཛད་ནས་ཞལ་འདོན་བསྔོ་སྨོན་གནང་བ་རེད།
སྤྱི་ཚེས་3ཉིན། པཎ་ཆེན་རིན་པོ་ཆེས་བཀྲ་ཤིས་ལྷུན་པོ་དགོན་པའི་དགེ་འདུན་པའི་ཕེབས་རོགས་འོག བཀྲ་ཤིས་རྣམ་རྒྱལ་གདུང་རྟེན་ལྷ་ཁང་དང་། དབང་དགའ་ལྷ་ཁང་། འཆི་མེད་ལྷ་ཁང་། བསྟན་འགྱུར་ལྷ་ཁང་། དགའ་ལྡན་ལྷ་ཁང་། དེ་བཞིན་པཎ་ཆེན་སྐུ་ཕྲེང་བཞི་པའི་གདུང་རྟེན་ལྷ་ཁང་དང་། སྲིད་གསུམ་རྣམ་རྒྱལ་ལྷ་ཁང་། བྱམས་ཁང་སོགས་ལྷ་ཁང་26ལ་མཇལ་ཞུ་གནང་ཡོད།
གང་དུ་ཆིབས་བསྒྱུར་གནང་ཡང་། པཎ་ཆེན་རིན་པོ་ཆེ་དང་བླ་མ་སྐྱེས་ཆེན་རྣམ་པས་མཉམ་དུ་ཞལ་འདོན་གནང་བ་དང་སྦྲགས། ཆོས་འབྲུ་གཏོར་ནས་ཆར་ཆུ་དུས་བབ་དང་། ལོ་ཕྱུགས་རྟག་ལེགས། རྒྱལ་ཁམས་དར་ཞིང་དམངས་རྣམས་བདེ་བ་བཅས་ཀྱི་བསྔོ་བ་སྨོན་ལམ་བཏབ་གནང་ཡོད།
བཀྲ་ཤིས་ལྷུན་པོ་དགོན་པ་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱི་ཉི་ཟེར་རིའི་འདབས་སུ་ཆགས་ཤིང་། དགོན་དེ་ཕྱག་བཏབ་ནས་ད་ཕན་ལོ་ངོ་570ལྷག་ཙམ་འགྲོ་བ་དང་། པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་གདན་ས་རེད།