༄༅།། རྒྱན་གོས་དམངས་སྲོལ།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།མདོ་ལྷོའི་དྲ་བ། སྤེལ་དུས། 08-08


 ༡.རྒྱན་གོས་ཀྱི་བྱུང་བ།

        འཛམ་གླིང་གི་མི་རིགས་ཀུན་གྱི་མེས་པོ་གོང་མ་རྣམས་འཕེལ་རྒྱས་དལ་ལ་དུས་ཡུན་རིང་བོའི་གདོད་མའི་སྤྱི་ཚོགས་སུ། ཐོག་མར་ཡར་འགྲེང་ཞིང་རྐང་ལག་གི་ལས་ལ་དབྱེ་བ་ཙམ་བྱུང་བའི་དུས་རིམ་དང་པོ་ལ། རང་ལུས་ལ་གྱོན་གོས་བྲལ་ཞིང་སྒྲེན་མོར་རྒྱུ་བ་དང་། རིམ་གྱིས་འབྱུང་གྱུར་གྱི་རེག་བྱ་དང་། དེ་མིན་བཀོལ་སྤྱོད་རིན་ཐང་གི་ཚོར་རྟོགས་ཕྲ་མོ་བགས་ཀྱིས་བྱུང་ཞིང་འཕེལ་ཏེ་ལུས་ལ་འཚོ་གཞིས་ཁོར་ཡུག་གི་རང་བྱུང་སྡོང་ལོ་དང་། འཚོ་རྟེན་རི་དྭགས་ཀྱི་པགས་པ་སོགས་སྟབས་བདེར་འགེབས་ཤིང་གྱོན་པ་ནི་མིའི་རིགས་ཀྱི་གྱོན་གོས་ལོ་རྒྱུས་སྟེང་གི་ཤོག་ལྷེ་དང་པོ་རེད། སྔ་གཞུག་གི་བྱུང་བ་ལ་མི་རིགས་སོ་སོར་ཁྱད་པར་ཡོད་ལ། བོད་ཀྱི་མེས་པོ་རྣམས་ནས་ཀྱང་བོད་ཡུལ་གྱི་གནམ་གཤིས་གནས་ཚུལ་ལ་བརྟེན་ནས་གྲང་འགོག་ཚ་གཡོལ་དང་། ཡང་ན། ངོ་ཚ་སྒྲིབ་པའི་སླད་དུ་གོས་སུ་ཤིང་ལོ་དང་རི་དྭགས་ཀྱི་པགས་པ་གྱོན་པ་དང་། དེའི་མཚུངས་སུ་སྟབས་བདེའི་རུས་ཆས་སོགས་ཀྱི་རྒྱན་ཆའང་མང་དུ་འདོགས་པ་ནི། སྔོན་མའི་ལོ་རྒྱུས་རྣམས་སུ་བཤད་རྒྱུན་ཡོད་པ་དང་ད་ལྟའི་གནའ་རྫས་རྟོག་དཔྱོད་པ་རྣམས་ཀྱིས་ཀྱང་དཔང་རྟགས་དང་བཅས་གསུངས་ཡོད་དེ། ཁ་རོབ་རིག་གནས་ཀྱི་ཤུལ་རྫས་ནས་རུས་ཁབ་རྣོན་པོ་རྒྱུ་ཡི་ཁྱད་པར་མ་གཏོགས་དེང་གི་རྒྱ་ཁབ་ཕྲ་མོ་དང་གཅིག་པ་གཅིག་མཚུངས་ཀྱི་རུས་ཁབ་དང་རུས་རྒྱན་སོགས་མང་དུ་ཐོན་པ་དེས་ནི་ལོ་ངོ་སྟོང་ཚོ་བཞི་དང་དྲུག་བརྒྱ་ལྷག་གི་སྔ་རོལ་དུ་མཚོ་བོད་མཐོ་སྒང་འདིར་པགས་པ་འཚེམ་བཟོ་དང་པགས་པའི་གྱོན་ཆས་ཡོད་པ་ཤེས་རྟོགས་ཐུབ་ལ། དེ་མིན་ད་དུང་གནའ་ཤུལ་དེ་ལས་གཅན་གཟན་ཝ་དང་། རི་སྐྱེས་སྲོག་ཆགས་རྐྱང་དང་དགོ་བ། སྒོ་ཕྱུགས་ཕག་གི་རུས་པ་ཐོན་པ་སོགས་ལས་ཀྱང་བོད་རིགས་ཀྱི་མེས་པོ་དག་གིས་རང་ཉིད་ཀྱི་ལྟོ་རྒྱབ་དང་། མཛེས་པ། བདེ་འཇགས་བཅས་གང་རུང་ཞིག་གི་ཆེད་དུ་རི་དྭགས་དང་གཅན་གཟན་སོགས་བསད་ནས་ཤ་ཁྲག་དང་རུས་རྒྱན་ལ་དམིགས་འཆའ་བ་དང་། དེ་དག་གི་བྱ་བྱེད་ལས་འཕྲོས་པའི་མགོན་གྱི་ལྷ་དག་ལ་མཆོད་འབུལ་བགྱིས་པ་རྟོགས་སླ་ཞིང་། གཞན་ད་དུང་བོད་ལྗོངས་ཆབ་མདོ་དང་། མངའ་རིས། ལྷ་ས་བཅས་ཀྱི་དུར་ཤུལ་མང་པོ་ནས་ཐོན་པའི་དངོས་རྫས་ཏེ། སྡོང་བོ་དང་རྩྭ་རྩི་གང་རུང་གི་ཕྱི་ཤུན་གྱི་ལས་སྣོན་སྟབས་བདེ་བགྱིས་པའི་གསོ་རས་ཀྱི་རྐང་འབོལ་དང་། བལ་གྱི་ཁ་དོག་དཀར་དམར་ནག་གསུམ་གྱིས་བསྒྲིལ་བའི་ཐ་གུའི་སྣ་སྣེ་སོགས་ཀྱི་ཤུལ་རྫས་དེ་དག་ནི་སྐུ་ཞབས་ཞིན་ཧའོ་ཝེ་ཡིས(辛霍巍)སྐབས་དེའི་འཚོ་ཆས་དང་། མི་ཤི་རྗེས་བེམ་པོ་སྡོམ་བྱེད་ཀྱི་ཐག་སྣེ་ཡིན་པར་གསུངས་ཡོད་ལ། ཕྲན་གྱིས་བལྟས་ན། དེ་ལས་གཞན་སྐབས་དེ་དུས་ནས་བལ་དང་གསོ་མའི་རིགས་དང་། རུས་ཆས་སོགས་རྒྱན་ཆ་མང་པོ་ཞིག་བོད་ཀྱི་སྤྱི་ཚོགས་སྟེང་སྤྱོད་རྒྱ་མི་ཆུང་མཚོན་ཐུབ་ཅེས་བརྗོད་ཆོག་སྙམ་ལ། དེ་མིན་ད་དུང་མངའ་རིས་ནས་དུར་རྫས་སྣ་རིགས་བརྒྱ་ལྷག་རྙེད་པ་ལས་ཀྱང་ཡཱ་མ་གསོ་རིགས་སོགས་སྡོང་བོའི་ཕྱི་ཤུན་ལས་གྲུབ་པའི་གསོ་མའི་རིགས་སྤུས་ལེགས་མང་པོ་ཐོན་པར་མ་ཟད། མཚོ་བོད་མཐོ་སྒང་གི་གནའ་སྔ་མོའི་བྲག་བརྐོས་རི་མོ(300ལྷག)སྣ་ཚོགས་སུ། རི་དྭགས་པ་དང་། ཕྱུགས་ལས་པ། འཁྲབ་སྟོན་པ་བཅས་ལ་རང་རང་གི་ལས་རིགས་དང་ཁྱད་ཆོས་མཚོན་པའི་རྒྱན་གོས་སྣ་ཚོགས་སུ་གྲུབ་འདུག་པས། གསེར་དངུལ་ཟངས་ལྕགས་ཀྱི་དུས་རབས་སྔ་མའི་སྐབས་ནས་བཟུང(སྤྱི་ལོ་སྔོན་གྱི་ལོ1000—སྤྱི་ལོ་དུས་རབས6བར)བོད་རིགས་ཀྱི་རྒྱན་གོས་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད་པ་མཚོན་ནོ། །

  ཡང་ཏུན་ཧོང་ལྡེབས་རིས་སུ་བཙན་པོའི་རྒྱལ་རབས་སྐབས་ཀྱི་ཆོས་གསལ་བའི་སྣང་བརྙན་རི་མོ་མང་དུ་མཐོང་རྒྱུ་ཡོད་པ་དང་། ཀྲིན་ཀོན་ཁྲི་ལོ་བཅོ་ལྔ་བར་ཀོང་ཇོ་བོད་དུ་བསུ་བའི་དུས་སུ་སྲོང་བཙན་གྱིས་མག་པའི་ཚུལ་གྱིས་བསུ་བ་ན། རྒྱལ་ཁབ་ཆེན་པོའི་རྒྱན་ཆ་དང་ཕྱག་སྲོལ་སོགས་ཡག་ཅིང་བཟང་བ་མཐོང་ནས་ངོ་ཅུང་ཟད་ཚ་བར་གྱུར་ཞེས་དང་། དེ་ནས་བཟུང་བཙན་པོ་རང་ཡང་ཕྱིང་ལྭ་དང་སློག་པ་སྤངས་ནས་དར་ཟབ་ཀྱི་གོས་གྱོན་ཞེས་དང་། ཡང་གོང་མ་ཀའོ་ཙུང་གིས་གོས་དར་ཁ་དོག་སྣ་ཚོགས་ཡུག་སུམ་སྟོང་བསྩལ་ཅེས་པ་སོགས་ལས་སྐབས་དེ་དག་ཏུ་བོད་ཀྱི་རྒྱལ་བློན་ཚང་མའི་གྱོན་གོས་ཀྱི་རྒྱུ་ནི་ཕྱིང་བ་དང་པགས་རིགས་ཡིན་པ་རྟོགས་ཐུབ་པར་མ་ཟད། བོད་མི་རྣམས་ཀྱིས་རྒྱ་མི་རིགས་ཀྱི་གོས་དར་དང་དར་ཟབ་ལ་དགའ་བོ་བྱེད་ཀྱི་ཡོད་པའང་ཤེས་ཐུབ་པ་དང་། བོད་ཀྱི་སྤྱི་ཚོགས་སུ་གྲལ་རིམ་མཐོ་ཤོས་ཀྱི་གྱོན་གོས་ལ་མི་རིགས་གཞན་གྱིས་ཤན་ཤུགས་ཐེབས་ཡོད་པའང་རྟོགས་ཐུབ་ཅིང་། དེ་ལས་སྐབས་དེའི་དཀྱེལ་ཡངས་པའི་རིག་གནས་ནང་འདྲེན་གྱི་བསམ་བློ་དང་བླང་དོར་བཅོས་བསྒྱུར་གྱི་བློ་སྤོབས་ཀྱང་མཚོན་ཐུབ་བོ། །

   དེ་ཡང་ལོ་རྒྱུས་ཀྱི་འཕེལ་རིམ་ལ་བརྟགས་ན། ཐང་རྒྱལ་རབས་ནས་བཟུང་སྔ་གཞུག་ཏུ་རྒྱ་ནག་མི་རིགས་དང་། སོག་རིགས། མན་ཇུ་མི་རིགས་བཅས་ཀྱི་རྒྱན་གོས་ཀྱིས་བོད་མི་རིགས་ཀྱི་རྒྱན་གོས་ལ་ཤན་ཤུགས་ཅུང་ཟད་ཐེབས་ཡོད། དེ་ནི་བོད་ཀྱི་སྤྱི་ཚོགས་སྤྱིའི་དཔལ་འབྱོར་དོ་མི་སྙོམས་ཤིང་མི་དང་མིའི་བར་གྱི་ཁྱད་པར་དང་། དབང་ཐང་མཐོ་དམའ་སོགས་ཀྱིས་དབང་གིས་གྲལ་རིམ་མཐོ་ཤོས་དང་སྐུ་དྲག་གི་ཁྱིམ་རྒྱུད་སོགས་ཀྱི་རྒྱན་གོས་ལ་འགྱུར་བ་ཅུང་ཙམ་བྱུང་བ་ལས། བོད་མི་མང་ཚོགས་སྤྱི་བྱིངས་ལ་སྔར་བཞིན་རང་ཉིད་ཀྱི་ལུགས་སྲོལ་མ་ཉམས་པར་མི་ལོ་བཞི་སྟོང་ལྷག་གི་སྔ་རོལ་གྱི་མེས་པོ་རྣམས་ཀྱི་མཛེས་དཔྱོད་ལྟ་བ་དང་། རིན་ཐང་ལྟ་ཚུལ་སོགས་ཀྱི་ཚུལ་མ་འཆོལ། མདོག་མ་ཡལ། རྒྱུ་མ་ནོག་པར་བརྒྱུད་སྤེལ་བྱས་ནས་ད་རག་བར་སླེབས་པའོ། །

    ད་ནི་རྒྱན་ཆའི་བྱུང་བ་བརྗོད་པ་ལ་ཕྱོགས་གཉིས་ནས་གླེང་བར་འདོད་དེ། གཅིག་ནི་འཛམ་གླིང་གི་མི་རིགས་ཐམས་ཅད་དང་གཅིག་མཚུངས་སུ་སྣང་བ་སྟེ། རང་རང་གི་ཐོན་སྐྱེད་ཡོ་བྱད་ལ་གཞི་བཅོལ་ཏེ་རྒྱན་ཆ་བཟོས་པའོ། །དཔེར་ན། ལག་གདུབ་དང་། མཛུབ་དཀྲིས། ཨ་ལོང་སོགས་དཀྱིལ་ན་ཁུང་བུ་ཅན་དག་ནི་སྐུད་འཕང་གི་འཕང་རྡོའི་ཁུང་བུ་དང་། སྟ་རེས་དང་འཇོར་གྱི་ཁུང་བུ་སོགས་ལ་དཔེ་བྱས་ཏེ་བཟོས་པ་དང་། གློ་གྲི་དང་། གའུ། སྐེད་བཅིངས། མེ་ཆ། བཞོ་བཟུང་། ཆུ་སྲིན་མགོ་ཅན་གྱི་མདའ་ཤུབས་རྒྱན་ཆ་སོགས་ནི་ཐོན་སྐྱེད་ཀྱི་ཡོ་བྱད་དེ་ཇི་མ་ཇི་བཞིན་དུ་འདོགས་པ་དང་། གཞན་རྒྱ་ནག་བུ་མོའི་སྒྲ་འཛེར་ནི་ན་ལས་ཡོ་བྱད་མདའ་གཞུ་ལ་དཔེ་བལྟས་པ་སོགས་ཀྱིས་གནད་དོན་མང་པོ་ཞིག་ར་སྤྲོད་ཐུབ་པས། གཞན་དང་གཞན་ནི་རིགས་བསྒྲེས་ཀྱིས་ཤེས་པར་བྱའོ། །

    བཤད་ཚུལ་གཉིས་པ་ནི། གདོད་མའི་ཆོས་ལུགས་ཀྱི་འདུ་ཤེས་དང་འབྲེལ་བ་སྟེ། སྣོད་ཀྱི་འཇིག་རྟེན་འདིའི་རི་ཆུ་ནགས་གསུམ་དང་། སྐྱེ་དངོས་རྩི་ཤིང་ཐམས་ཅད་ལ་རྣམ་ཤེས་ཡོད་པའི་ངོས་འཛིན་ལྟར། ཉི་ཟླ་སྐར་གསུམ་དང་རི་རབ་ནགས་ཚལ་སོགས་ལ་དད་པ་བྱེད་པ་དང་ཡང་འབྲེལ་བ་དམ་པོ་ཡོད་དེ། དཔེར་ན། ཉི་ཟླ་སྐར་གསུམ་ལ་དད་པའི་མཚོན་དོན་ལ་བོད་རིགས་བུད་མེད་ཀྱི་རྒྱན་ཆ་གློ་གཟར་ལྟ་བུ་བཟོས་ཤིང་། ནགས་ཚལ་དང་གཙང་བོ། མེ་ཏོག་ལ་དད་པས་རྒྱན་ཆ་གང་ཞིག་གི་སྟེང་དུའང་མེ་ཏོག་དང་སྡོང་བོ། ལོ་མ་དང་འབྲས་བུ། ཆུ་དང་ཆུ་རིས་གང་རུང་ཞིག་ཕལ་ཆེར་ཀུན་ལ་ཡོད་པ་ལྟ་བུ་རེད། དེ་ཡང་། ཁ་རོབ་རིག་གནས་ཀྱི་ཤུལ་རྫས་ནས་རྒྱུ་ཆ་རྡོ་དང་གཡང་ཊི། རུས་པ་སོགས་ཡིན་པའི་སྐྲ་གཟེར་དང་རྣ་ལུང་། མགུལ་རྒྱན། ཕྲེང་རིལ། འགྲོན་བུ་སོགས་རྙེད་ཡོད་པ་ལས་བོད་དུ་རྒྱན་ཆ་དར་སྔ་བ་ཤེས་ལ། པུ་དེ་གུང་རྒྱལ་སྐབས་སུ་གསེར་དངུལ་བཙོ་སྦྱོང་གི་ལག་རྩལ་དར་ཡོད་པས་རྒྱུ་དེ་དག་ལས་བྱས་པའི་རྒྱན་ཆའང་དར་ཡོད་པར་རིགས་འདེད་བྱས་ཆོག །སྲོང་བཙན་གྱི་སྐབས་སུ་ཡིག་ཚང་སོགས་ཀྱི་ཤན་གྱིས་གཡུ་ཡི་རྒྱན་ཆ་ནི་མཆོག་ཏུ་བརྩི་བར་བཤད། དགའ་ལྡན་ཕོ་བྲང་གི་དུས་སུ་སྤུར་ལེན་གྱི་མགུལ་རྒྱན་དང་། བྱུ་རུ་དང་མུ་མེན། སྤུར་ལེན་གྱི་སེ་མོ་དོ་དང་དོ་ཤལ། གསེར་གྱི་རྣ་རྒྱན་རིན་པོ་ཆེ་སྤུག་གི་ཕྲ་བཏབ་པ་ཡོད་པ་སོགས་དར་ཆེ་བར་གྲགས་སོ། །

༢.རྒྱན་གོས་ཀྱི་འཕེལ་རིམ།

     རྒྱན་གོས་བྱུང་ནས་ད་བར་ལོ་ངོ་ཁྲི་ཕྲག་དུ་མ་ཞིག་འགོར་ཡོད་ལ། ཡུལ་དུས་ཆ་རྐྱེན་མི་འདྲ་བའི་དབང་གིས་འགྱུར་ལྡོག་གི་དུས་རིམ་ཡང་མང་དུ་བྱུང་མོད། འདིར་གོ་བདེ་འཛིན་བདེ་ཡོང་ཕྱིར་དུས་རིམ་བཞི་རུ་ཕྱེ་སྟེ་བརྗོད་པ་ལ།

     (༡) ཐོག་མའི་དུས་རིམ། བྱེ་བྲག་གི་ཞྭ་ལྷམ་སོགས་ལ་ཁ་ཡ་མི་བྱེད་པར་ལུས་ལ་སྟབས་བདེ་ཞིག་གྱོན་པ་སྟེ། གྲང་འགོག་ཚ་གཡོལ་དང་ངོ་ཚ་འགེབས་སྲུང་གི་དམིགས་ཡུལ་ཙམ་ཡིན། སྐབས་དེར་ཕོ་མོ་དང་ལོ་ཚོད་ཀྱི་ཁྱད་སོ་སོ་ནས་མེད་པར་མ་ཟད། ས་ཁུལ་དང་ས་ཁུལ་བར་དུའང་ཁྱད་ཆེན་པོ་མེད་ལ། དུས་ཚིགས་ཀྱི་དབྱེ་བའང་གསལ་བོ་མེད། དེ་ནི་རྒྱན་གོས་ཀྱི་ལོ་རྒྱུས་སྟེང་ནས་བཤད་ན། ཆེས་གདོད་མ་དང་ཐོག་མའི་དུས་རིམ་རེད།

     (༢) དུས་རིམ་གཉིས་པ། དུས་རིམ་དང་པོའི་ཁྱད་ཆོས་གཙོ་བོ་ལས་གཞན། སྤྱི་ལོ་དུས་རབས་གསུམ་པར་རྒྱ་མོ་དབང་ཆུས(ལོ་རྒྱུས་དེབ་ཐེར་ལ་ལར་མཛངས་མི་བརྒྱད་དུ་བགྲང་སྟེ་གཅིག་ལ་རྩིས་འདུག) བོད་སྤྱིའི་གོ་བབ་དང་མཛེས་དཔྱོད་ལྟ་བ་ལྟར་ཕོ་མོའི་གོས་ཀྱི་ཁྱད་ཕྱེ་ཞིང་། ཐོན་སྐྱེད་དགོས་མཁོ་དང་ཡང་བསྟུན་ཆེ་བ་ནི་དུས་རིམ་གཉིས་པ་སྟེ། དཔེར་ན། རྔོན་ལས་གཙོ་བོ་གཉེར་བ་དག་གིས་རི་དྭགས་ཀྱི་པགས་པ་དང་། དེའི་རྒྱུ་ལས་བཟོས་པའི་གོན་པ་གཙོ་ཆེ་ཞིང་། འབྲོག་ལས་གཙོ་བོ་གཉེར་བ་དག་གིས་དུས་བཞིའི་འགྱུར་བ་ལྟར་རྩྭ་ཆུར་བསྙེགས་ནས་འགྲོ་དགོས་པས་སློག་པ་དང་སྣམ་བུ་གཅིག་པུས་སྣོད་དང་ཉལ་ཆས་སོགས་ཀྱི་གོ་གཅིག་ཆོད་དུ་ཤམ་ལུག་རིང་གསུམ་གྱི་ཁྱད་ཆོས་གཙོར་འཛིན་པ་ལྟར་དང་། ཞིང་ལས་གཙོ་བོ་གཉེར་བ་དག་གིས་དབྱར་དགུན་གྱི་ཁྱད་ཡོད་པ་གཞིར་བཞག་གི་སྒོ་ནས་ལྟོས་བཅོས་སུ་ཅུང་སྟབས་བདེ་ཞིང་སྣ་གཅིག་གི་ནུས་པའི་ཆ་དང་ལྡན་པ་སོགས་ནི་ཐོན་སྐྱེད་དགོས་མཁོ་དང་བསྟུན་ནས་གསར་དུ་བཏོད་པ་ཡིན་པས་དུས་རིམ་གཉིས་པའོ། །

    (༣) དུས་རིམ་གསུམ་པ། དུས་རིམ་གཉིས་པའི་སྤྱོད་སྒོ་དང་རིན་ཐང་ལྟ་བ་ལས་གཞན་སྤྱི་ཚོགས་ཀྱི་ལས་རིགས་རིམ་པ་དང་། འཇོན་ཐང་མཚོན་རྟགས་ཅན་གཙོར་འཛིན་པ་ནི་དུས་རིམ་གསུམ་པ་སྟེ། གྲྭ་བཙུན་དང་། དམག་མི། མི་སྐྱ་ཕོ་མོ་སོགས་ཀྱི་གྱོན་གོས་ལ་ཁྱད་པར་ཡོད་ལ་སྤྱི་ཚོགས་ཀྱི་ཐོབ་དང་གོ་གནས་ལྟར་གོས་ཀྱི་རྒྱུ་དང་རི་མོའང་མི་འདྲ་བ་སྟེ། རྒྱལ་པོའི་གོས་ཆེན་གྱི་རི་མོ་ནི་གཡུ་འབྲུག་དང་ཆུ་སྲིན་ཁ་སྤྲོད་སོགས་དང་། བློན་པོ་ནི་གཡུང་དྲུང་དང་བྱ་ཁྱུང་། སྐུ་དྲག་གཞན་དག་ནི་རྨ་བྱ་དང་། རི་བོ། བཀྲ་ཤིས་རྟགས་བརྒྱད། འབངས་མི་ཕལ་བ་ནི། རྒྱ་གྲམ་དང་། ལྕགས་རི། ཨ་ལོང་། ལོ་མ། མེ་ཏོག། ཆུ་རིས་སོགས་གཙོ་ཆེ་བ་ལྟ་བུའོ། །

     (༤) དུས་རིམ་བཞི་པ། གྱོན་གོས་ལ་འཕེལ་འགྱུར་ཆེན་པོ་དང་ཐོད་བརྒལ་གྱི་དུས་ཤིག་ཤར་བ་ནི་དུས་རིམ་བཞི་པ་རེད། གཙོ་བོ་སྲིད་འཛིན་མི་སྣའི་གྱོན་གོས་ལ་གཞན་ལུགས་ཀྱིས་ཤན་ཞུགས་པ་སྟེ། དཔེར་ན། དཔལ་ལྡན་ས་སྐྱ་བའི་དུས་སུ་སོག་ལྭས་ཤན་ཞུགས་པས་ལོ་རྒྱུས་དེབ་ཐེར་སོགས་སུའང་སོག་ཞྭ་དང་སོག་ལྷམ་ཞེས་བཀོད་ཡོད་པ་མང་ལ། ཁྱད་པར་དུ་མིང་རྒྱལ་རབས་ཀྱི་དུས་མཇུག་དང་ཆིང་རྒྱལ་རབས་ཀྱི་དུས་མགོར་བོད་ལྗོངས་ཧྲིལ་བོའི་ཆོས་སྲིད་ཀྱི་གནས་བབ་ལ་གཡོ་འགུལ་དང་ཟང་ཟིང་སྣ་ཚོགས་པ་བྱུང་ཞིང་། སྔ་གཞུག་ཏུ་ས་གནས་ཀྱི་སྟོབས་ཤུགས་དང་ཆོས་ལུགས་ཀྱི་གྲུབ་མཐའི་ལྟ་འཁྱེར་འདྲ་མིན་ལས་འགལ་འབྲེལ་གྱི་ཡན་ལག་མང་དུ་བྱུང་མུར། རང་རང་ས་ནས་རྒྱབ་རྟེན་དང་སྡོངས་གྲོགས་ལ་མི་རིགས་གཞན་དང་གཞན་འཚོལ་གཤིས། རང་ཉིད་ཀྱི་ཐོན་སྐྱེད་བྱེད་སྒོ་དང་། ཆབ་སྲིད་བསམ་བློ་སོགས་ལའང་འགྱུར་བ་རབ་དང་རིམ་པ་བྱུང་ལ། བོད་ཀྱི་སྤྱི་ཚོགས་ཧྲིལ་བོར་ཁེབས་པའི་གྱོན་གོས་དང་། རྒྱན་ཆ། ལམ་ལུགས། གོམས་སྲོལ། མཛེས་དཔྱོད་ལྟ་བ་སོགས་ལའང་དེ་མཆོག་འདི་དམན་གྱི་དབྱེ་བ་དགར་ཁག་ཀྱང་མི་རིགས་གཞན་དང་དུས་རབས་ཀྱི་ཤན་གཅིག་རྗེས་གཉིས་མཐུད་དུ་ཞུགས་པའོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1