མཛོད་དགེ་རྫོང་གིས་ཁྲུང་ཁྲུང་སྐེ་ནག་ལ་འཁོར་སྐར་ཡོ་ཆས་བཏགས་ནས་རྗེས་འདེད་ཀྱིས་སྲུང་སྐྱོང་གང་ལེགས་ཡོང་བར་སྐུལ་འདེད་བཏང་།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མཛོད་དགེ་རྫོང་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས། སྤེལ་དུས། 08-08


  

        ཁྲུང་ཁྲུང་སྐེ་ནག་གི་གནས་སྤོ་ལམ་ཐིག་དང་འཕུལ་སྐྱོད་ཆོས་ཉིད། འཚོ་བའི་གོམས་གཤིས་བཅས་ལ་དབྱེ་ཞིབ་ཡང་དག་བྱ་ཆེད།  ཟླ8པའི་ཚེས3ཉིན།  མཛོད་དགེ་རྫོང་བརླན་ས་དོ་དམ་ཅུས་ཀྱིས་རྒྱལ་ཡོངས་བྱ་རིགས་གདུབ་རྟགས་ལྟེ་གནས་དང་མཉམ་འབྲེལ་སྒོས། ཁྲུང་ཁྲུང་སྐེ་ནག་གི་ཁྲུང་ཕྲུག10ལ་འཁོར་སྐར་གྱི་རྗེས་འདེད་ཡོ་ཆས་ཆུང་གྲས་བཏགས་ཏེ། བྱ་རིགས་ཁྲོད་ཀྱི་དོམ་ཁྲ་སྟེ་ཁྲུང་ཁྲུང་སྐེ་ནག་སྐོར་གྱི་ཚན་རིག་ཞིབ་འཇུག་དང་སྲུང་སྐྱོང་ལ་རམ་འདེགས་གནང་། 

 

         འཁོར་སྐར་གྱི་ཡོ་ཆས་བཏགས་ཏེ་རྗེས་འདེད་བྱེད་པའི་བརྒྱུད་རིམ་ཁྲོད། ལས་དོན་མི་སྣས་བལ་གདན་གྱིས་ཁྲུང་ཕྲུག་བཏུམས་ཤིང་། མགོ་ལ་ཁུག་མ་ནག་པོ་བཀབ་སྟེ། ལུས་ཀྱི་རིང་ཚད་དང་རྔ་མའི་རིང་ཚད། གཤོག་པའི་རིང་ཚད། ལྗིད་ཚད་སོགས་སྐྱེ་དངོས་རིག་པའི་ཁྱད་ཆོས་ལ་ཚད་ལེན་བྱས་རྗེས། ལམ་སང་ཁྲུང་ཕྲུག་ལ་འཁོར་སྐར་གྱི་རྗེས་འདེད་ཡོ་ཆས་བཏགས།  ལས་དོན་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན།  རྗེས་འདེད་ཡོ་ཆས་ཀྱི་ལྗིད་ཚད་ལ་ཁེ་བཅུ་ཁ་ལས་མེད་པ་དང་། ཁྲུང་ཁྲུང་སྐེ་ནག་གི་རྒྱུན་ལྡན་གྱི་འཕུར་སྐྱོད་ལ་ཤུགས་རྐྱེན་བཟོ་མི་སྲིད་ཅེས་ཟེར།


        རྒྱལ་ཡོངས་བྱ་རིགས་གདུབ་རྟགས་ལྟེ་གནས་ཀྱི་ཀྲུའུ་རེན་ཆན་ཧྥ་ཝུན་གྱིས་བཤད་རྒྱུར། ང་ཚོ་རྒྱལ་ཡོངས་བྱ་རིགས་གདུབ་རྟགས་ལྟེ་གནས་དང་མཛོད་དགེ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གཉིས་མཉམ་འབྲེལ་སྒོས། ཁྲུང་ཁྲུང་སྐེ་ནག་ལ་གདུབ་རྟགས་འདོགས་པ་དང་རྗེས་འདེད་ལས་དོན་སྤེལ།  གཙོ་བོ་མཛོད་དགེ་བརླན་སར་སྐྱེ་འཕེལ་བྱུང་བའི་ཁྲུང་ཁྲུང་སྐེ་ནག་གི་གནས་སྤོའི་ཆོས་ཉིད་གསལ་རྟོགས་སྒོས། དེའི་ཚེ་སྲོག་གི་བརྒྱུད་རིམ་ལ་རྒྱུས་ལོན་བྱེད་རྒྱུ་དེ་ཡིན་ཟེར། 


         རྒྱུས་ལོན་པ་ལྟར་ན།  2019ལོ་ནས་བཟུང་མཛོད་དགེ་རྫོང་གིས་བསྡོམས་པའི་རིམ་བསགས་ཀྱིས་ཁྲུང་ཁྲུང་སྐེ་ནག་གི་ཁྲུང་ཕྲུག30ལ་འཁོར་སྐར་གྱི་གནས་འཁེལ་རྗེས་འདེད་ཡོ་ཆས་ཆུང་གྲས་བཏགས། རྗེས་འདེད་ཡོ་ཆས་ཀྱིས་གཞུང་ཐིག་དང་འཕྲད་ཐིག་གི་ཏུའུ་གྲངས་ཐོ་འགོད་བྱེད་ཐུབ་པར་མ་ཟད། ཁྲུང་ཁྲུང་སྐེ་ནག་གི་འཕུར་སྐྱོད་ཀྱི་མཐོ་ཚད་དང་མྱུར་ཚད་སོགས་ཀྱི་གཞི་གྲངས་ཐོ་འགོད་བྱེད་ཐུབ་པས། སྔར་ལས་ཁྲུང་ཁྲུང་སྐེ་ནག་གི་གནས་སྤོ་ལམ་ཐིག་དང་འཕུར་སྐྱོད་ཆོས་ཉིད།  དགུན་བརྒལ་བྱེད་ཡུལ་དང་སྐྱེ་འཕེལ་སོགས་ཀྱི་འབྲེལ་ཡོད་ཆ་འཕྲིན་རྟོགས་ཐུབ།  ཆ་འཕྲིན་འདི་དག་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་ན།  ཁྲུང་ཁྲུང་སྐེ་ནག་ནུས་ལྡན་ངང་སྲུང་བར་ཚན་རིག་གི་བདེན་དཔང་འདོན་སྤྲོད་བྱེད་ཐུབ་པས།  བྱ་རིགས་ཁྲོད་ཀྱི་དོམ་ཁྲ་སྟེ་ཁྲུང་ཁྲུང་སྐེ་ནག་གི་སྲུང་སྐྱོང་ལས་ཀར་མཚོན་ན་དོན་སྙིང་ཤིན་ཏུ་ཆེ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1