འདི་ནི་འོད་ཤུགས་ཐོན་ལས་ཀྱིས“འབྲོག་འོད་གསབ་རེས”ལ་སྐུལ་ཁྲིད་བྱས་པས་དེ་སྔའི་ཐལ་ལ་གྲམ་ཐང་དེ་ད་ཆ་སྔོ་ཐིང་ཐིང་གི་འབྲོག་ར་གསར་པ་ཞིག་ཏུ་གྱུར་བ།
རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག ཉེ་བའི་ལོ་ཤས་རིང་། མཚོ་ལྷོ་ཀྲོའུ་ཡིས་འོད་ཤུགས་བྱེ་བཅོས་ཀྱི་རྣམ་པ་གསར་པ་འཚོལ་ཞིབ་ཐུབ་ནས་ས་ཆ་ཐང་རྒོད་དང་བྱེ་ཐང་དུ་འགྱུར་ཚད“གཉིས་ཀ་ཆག”པའི་རྣམ་པ་ཐོན་ཡོད་པ་རེད། “འོད་ཤུགས་དང་། སྐྱེ་ཁམས་བཅོས་སྐྱོང་། སྐྱེ་ཁམས་འབྲོག་ལས་བཅས་ཟུང་འབྲེལ”གྱི་འཛུགས་སྐྲུན་བྱེད་སྟངས་ལས་སྐྱེ་ཁམས་སླར་གསོའི་ནུས་པ་འདོན་སྤེལ་གྱིས་རྩྭ་ཐང་དང་འབྲོག་ར་སླར་གསོ་ཡོང་རྒྱུར་རམ་འདེགས་བྱས་པས་འོད་ཤུགས་ལེབ་མོའི་སྟེང་གློག་གསོག་པ་དང་འོད་ཤུགས་ལེབ་མོའི་འོག་ལུག་འཚོས་ནས་ས་གནས་དེ་གའི་འབྲོག་པར་འབབ་འཕར་ཡོང་རྒྱུར་སྔར་བས་སྐུལ་མ་ཐེབས་ཡོད་པ་རེད།
མཚོ་སྔོན་དུ་ཉི་ནུས་ཀྱི་འོད་འཕྲོའི་ཐོན་ཁུངས་འབེལ་པོ་དང་ཐང་རྒོད་ས་ཆའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། ཉེ་བའི་ལོ་ཤས་རིང་མཚོ་སྔོན་ཞིང་ཆེན་གྱིས་རང་བྱུང་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་ནུས་རྒྱུ་གཙང་མ་མགྱོགས་མྱུར་འཕེལ་རྒྱས་གཏོང་བ་དང་འོད་ཤུགས་ཐོན་ལས་ཟམ་མི་ཆད་པར་སྟོབས་ཆེར་བཏང་ཡོད། དེའི་ནང་མཚོ་ལྷོ་ཀྲོའུ་ཉིད་ས་བབ་མཐོ་བའི་ས་ཁུལ་དུ་གནས་ཤིང་། ཉི་འོད་ཕོག་ཡུན་རིང་བ་དང་འགྱེད་འཕྲོ་ཤུགས་ཆེ་བས་ལོར་ཆ་སྙོམས་ཉི་འོད་ཕོག་ཡུན་ཆུ་ཚོད་2719ཟིན་གྱི་ཡོད་ལ། གྲམ་ཐང་གཞི་ཁྱོན་ཆེ་བས་འོད་ཤུགས་གློག་གི་ཐོན་ལས་འཕེལ་རྒྱས་གཏོང་བར་ཐུན་མོང་མ་ཡིན་པའི་ཆ་རྐྱེན་ལྡན་ཡོད།
ད་ཆ་འོད་ཤུགས་ཐོན་ལས་དེ་གར་འཕེལ་རྒྱས་ཡག་པོ་བྱུང་ཡོད།
མཚོ་ལྷོ་ཀྲོའུ་ཡིས་གཞི་ཁྱོན་ཆེ་བའི་ཐང་རྒོད་ས་ཆ་དང་ཉི་ནུས་ཐོན་ཁུངས་ཀྱི་ལེགས་ཆ་གང་ལེགས་སྤྱད་དེ་ཆན་ཝ་ཁྲི་སྟོང་རིམ་པའི་ནུས་རྒྱུ་གཙང་མའི་རྟེན་གཞི་གཅིག་སྡུད་ཡུག་སྦྲེལ་བསྐྲུན་པ་དང་ནུས་རྒྱུ་གསར་པའི་གློག་གཏོང་རྣམ་གྲངས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་བ་མ་ཟད། ནུས་རྒྱུ་མང་པོ་ཕན་ཚུན་གསབ་རེས་ཀྱི་རྣམ་པ་འཚོལ་ཞིབ་བྱས་ནས་བསྐྲུན་ཡོད་པ་རེད།
མཐོ་གནོན་གློག་སྐུད་རེ་རེ་ལ་བརྟེན་ནས་འོད་གློག་དེ་འོད་ཤུགས་གླིང་ནས་སྤྱི་ལེ་50ལྷག་ཙམ་ཡོད་པའི་ཚ་རྔ་འགག་གློག་ཁང་དང་ཐད་ཀར་སྦྲེལ་མཐུད་བྱས་ནས་མཚོ་སྔོན་གྱི་གློག་འདོན་ཤུགས་ཆེ་ཤོས་ཀྱི་ཆུ་འོད་གསབ་རེས་གློག་ཁང་ཞིག་བཙུགས་ཡོད་པ་རེད།
མིག་སྔའི་བར་མཚོ་ལྷོ་ཀྲོའུ་ཡི་བསྐྲུན་ཟིན་པ་དང་སྐྲུན་བཞིན་པའི་ནུས་རྒྱུ་གཙང་མའི་གློག་འདོན་ཤུགས་ཆན་ཝ་ཁྲི་2794ཟིན་པ་དེའི་ནང་འོད་ཤུགས་གློག་འདོན་ཤུགས་ཆན་ཝ་ཁྲི་1573ཟིན་ཡོད་པ་རེད། ནུས་རྒྱུ་གཙང་མ་ཕྱིར་སྐྱེལ་བྱ་རྒྱུར་ཆེད་མངགས་བསྐྲུན་པའི་ཆེས་མཐོ་གནོན་གློག་སྐུད་ནུབ་གློག་ཤར་འདྲེན་གྱི་མཚོ་སྔོན་ནས་ཧོ་ནན་བར་གྱི་གཏད་རྒྱུག་ཆེས་མཐོ་གནོན་གློག་སྐུད་ཀྱིས་ས་གནས་དེ་གའི་ལྗང་མདོག་གློག་ཤུགས་ཧོ་ནན་དུ་སྐྱེལ་འདྲེན་བྱས་ནས་ཁེ་ལས་དང་། བཟོ་གྲྭ ཁྱིམ་ཚང་ཁྲི་སྟོང་མང་པོར་གློག་གཏོང་གི་ཡོད་པ་རེད།
“ལོ་ལྔ་ཚན་བཅུ་བཞི་པའི”རིང་། མཚོ་ལྷོ་ཀྲོའུ་ཡིས་རྒྱལ་ཁབ་ཀྱིས་གྲམ་ཐང་དང་། བྱེ་ཐང་། ཐང་རྒོད་བཅས་ཀྱི་རླུང་གློག་འོད་ཤུགས་རྟེན་གཞི་ཆེ་གྲས་བསྐྲུན་རྒྱུ་གོ་སྐབས་སུ་བྱས་ནས་ཀྲོའུ་ནང་ཁུལ་གྱི་གསེར་ཆེན་རྫོང་དང་། འབབ་རྫོང་། མང་རྫོང་། བྲག་དཀར་རྫོང་སོགས་ཀྱི་བྱེ་ཐང་དུ་འོད་ཤུགས་གློག་གཏོང་རྟེན་གཞི་བསྐྲུན་ནས་ཆན་ཝ་ཁྲི་4213གྱི་འོད་ཤུགས་གློག་གཏོང་རྣམ་གྲངས་བསྐྲུན་རྒྱུའི་འཆར་གཞི་ཡོད་པ་རེད། ས་གནས་དེ་གས་ནུས་རྒྱུ་གཙང་མའི་མཐོ་ས་གཏོད་རྒྱུ་ཚད་བརྒལ་དུ་བྱས་ནས་ལྗང་མདོག་འཕེལ་རྒྱས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཕྱོགས་སུ་སྐྱོད་བཞིན་ཡོད་པ་རེད།
འདི་ནི་ད་ཆ་འོད་ཤུགས་ལེབ་མོའི་འོག་གི་སྔོ་ཐིང་ཐིང་གི་སྤང་ལྗོངས་ཡིན་པ།
འདི་ནི་མཚོ་སྔོན་གྱི་གློག་གཏོང་ཚད་ཆེ་ཤོས་ཀྱི་ཆུ་འོད་གསབ་རེས་གློག་ཁང་སྟེ་ཚ་རྔ་འགག་སྒོའི་ཆུ་ཤུགས་གློག་ཁང་ཡིན་པ།
འདི་ནི་འབྲོག་མོ་བསོད་ནམས་སྒྲོལ་མས་འོད་ཤུགས་ཐོན་ལས་གླིང་དུ་ཕྱུགས་འཚོ་བཞིན་པ།