༄༅།། མཚར་རྡོ་ཉར་ཚགས་བྱེད་པའི་ཐབས་ལམ་འགའ།

འབའ་དཔའ་སྲས། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 08-09



འབའ་དཔའ་སྲས། 

         མཚར་རྡོ་ཞེས་པའི་ཐ་སྙད་འདི་ནི་རྒྱ་ཡིག་གི奇石ཞེས་པ་ཐད་སྒྱུར་བྱས་པའི་མིང་ཚིག་ཅིག་ཡིན་ལ་ངོ་མཚར་བའམ་ཁྱད་མཚར་བའི་རྡོ་ལ་གོ་དགོས་སྙམ། གང་ལྟར་དེང་སྐབས་ཚང་མར་མཚར་རྡོ་ཞེས་པའི་མིང་ཚིག་འདི་ལས་གཞན་ཁྱད་པར་ཅན་གྱི་མིང་ཞིག་གནས་སྐབས་སུ་གདག་རྒྱུ་མེད་ལ་བཏགས་ཀྱང་མེད་པའི་ཕྱིར་མཚར་རྡོ་ཞེས་གླེང་དགོས་བྱུང་།

        མཚར་རྡོ་ནི་ཚད་གཞི་ཆེས་མཐོ་བའི་གདོད་མའི་རྣམ་པ་ཡོད་པའི་སྒྱུ་རྩལ་གྱི་བརྩམས་ཆོས་གལ་ཆེན་ཞིག་ཡིན་ལ་འཛམ་གླིང་སྒྱུ་རྩལ་ནང་ཚན་ནས་རིན་ཐང་ཆེས་ཆེ་བའི་གྲས་ཀྱི་གཅིག་ཡིན།མཚར་རྡོ་གང་དང་གང་ཡིན་ཡང་དེ་ལ་མིའི་རིགས་ཀྱི་བརྩེ་བ་ཟབ་མོ་ཞིག་བཅོལ་ཡོད་པར་མ་ཟད་མཚར་རྡོ་ནི་རང་བྱུང་གིས་གྲུབ་པ་ཞིག་ཡིན་ཕྱིར་སྤྱན་གཟིགས་དང་ལོངས་སྤྱོད། བཤམས་སྟོན།ཉར་ཚགས་བཅས་ཀྱི་རིན་ཐང་ཆེན་པོ་ལྡན་པའི་རྡོ་ཡི་རིགས་ཤིག་ཡིན།

        སྤྱིའི་ཆ་ནས་དབྱིབས་གཟུགས་མཚར་རྡོ་དང་རིས་གཟུགས་མཚར་རྡོ་རིགས་གཉིས་སུ་དབྱེ་སྲོལ་ཡོད་ལ། མཚར་རྡོ་རྩེར་སོན་ཞིག་ཡིན་དགོས་ན་རྡོ་རྒྱུ་སྲ་ཞིང་ཁ་དོག་མཛེས་ལ་སྣུམ་ཁ་ཡོད་པ་དང་འཇམ་མདངས་ལྡན་པ། དབྱིབས་གཟུགས་ཡག་པ། རི་མོ་ཡག་པ། རྡོ་རྒྱུ་བཟང་བ། ཁ་དོག་སྣ་མང་ཡིན་པ། དབྱིབས་དང་རི་མོ་མཐོང་མ་ཐག་ཏུ་སེམས་དགའ་བ་དང་ཧ་ལས་ཤིང་ཧང་སང་བའི་ཚོར་བ་སྟེར་ཐུབ་པ་ཞིག་ཡིན་ན་ད་གཟོད་མཚར་རྡོ་ལེགས་པོ་ཞིག་ཏུ་བརྩིས་ཆོག་ཆོག་རེད།

        མཚར་རྡོ་ནི་ཡུལ་ཕྱོགས་སོ་སོའི་ཆུ་ཆེ་སའི་འགྲམ་ངོགས་གཉིས་ཀྱི་གྲོག་རོང་གང་ན་ཡང་འཚོལ་རྒྱུ་ཡོད་ལ་དེར་སྣང་བརྙན་ཡོད་པའི་མཚར་རྡོ་དང་ཡུལ་ལྗོངས་ཀྱི་རི་མོ་ཡོད་པའི་མཚར་རྡོ། ཚོན་སྣ་ཚོགས་ལྡན་པའི་མཚར་རྡོ། ཡིག་གཟུགས་ཡོད་པའི་མཚར་རྡོ་སོགས་རིགས་ཧ་ཅང་མང་པོ་ཡོད།

        མཚར་རྡོར་ཉར་ཚགས་བཟང་པོ་ཞིག་བྱེད་རྒྱུ་ནི་རྡོ་ཉར་ཚགས་མཁན་རང་ཉིད་ཀྱི་ཡོན་ཚད་དང་མཛེས་དཔྱོད་ཆུ་ཚད། སེམས་ཁམས་སོགས་ཕྱོགས་མང་པོ་ཞིག་རྨང་གཞིར་བྱས་པའི་གསར་རྙེད་རང་བཞིན་གྱི་སྒྱུ་རྩལ་གྱི་རྣམ་པ་ཞིག་ཡིན་པར་མ་ཟད། མཚར་རྡོ་ཉར་ཚགས་བྱེད་མཁན་དེའི་བསམ་བློའི་གོ་རྟོགས་དང་རྡོ་རིན་པོ་ཆེའི་རིག་གནས་ལ་བཅངས་པའི་སེམས་ཤུགས་མཚོན་ཡོད།

        མཚར་རྡོ་ཞིག་ལ་མཚོན་ན་དེ་ལ་རང་བྱུང་གི་མཛེས་པ་ཡོད་པ་ཁོ་ན་ཙམ་གྱིས་གཏན་ནས་མི་ཆོག་པ་དང་མཚར་རྡོ་དེ་ལ་མིང་གི་འདོགས་སྟངས་དང་རི་མོ་ཆགས་སྟངས། དབྱིབས་གཟུགས་ཀྱི་ཁྱད་ཆོས། རི་མོའི་བརྗོད་བྱ་དང་དཔྱད་ཕྱོགས་སོགས་ནས་མང་པོ་ཤེས་དགོས། མཚར་རྡོ་དེའི་དབྱིབས་དང་རི་མོ་ལ་བལྟས་ནས་བརྗོད་དོན་མཚུངས་པའི་མིང་ཡག་པོ་ཞིག་བཏགས་རྗེས་རྡོ་གདན་ཡག་པོ་ཞིག་བཀོད་སྒྲིག་བྱས་ཏེ་བཤམས་སྟོན་བྱེད་རྒྱུ་མ་ཟད། རིག་གནས་ཀྱི་ནང་དོན་ཡག་པོ་ཞིག་སྦྱར་རྗེས་མཚར་རྡོ་དེ་ལ་གཞི་ནས་མཛེས་དཔྱོད་ཀྱི་རིན་ཐང་དང་གཟུགས་དཔྱད་ཀྱི་རིན་ཐང་། ལོངས་སྤྱོད་ཀྱི་དོན་སྙིང་དེ་བས་ཀྱང་ཆེ་བར་ལྡན་འགྲོ། རྡོ་ལ་དགའ་བ་ཞིག་ཡིན་ན་མཚར་རྡོ་ཉར་ཚགས་བྱེད་རྒྱུར་སྔ་མོ་ནས་བཟུང་དགའ་པོ་བྱེད་པ་དང་རྗེས་སུ་ཡི་རང་བྱེད་བཞིན་ཡོད་པ་ཅིའི་ཕྱིར་ཡིན་ཞེ་ན། མཚར་རྡོ་ནི་རང་བྱུང་ཁམས་ཆེན་པོས་ང་ཚོ་མི་ཡུལ་ལ་བཞག་པའི་རིན་པོ་ཆེ་དང་ཤུལ་བཞག་རིག་གནས་རྩ་ཆེན་ཞིག་ཡིན་པ་ནི་མི་མང་པོ་ཞིག་མཚར་རྡོ་ལ་དགའ་མོས་བྱེད་པའི་རྒྱུ་རྐྱེན་གཙོ་བོ་ཡིན་པ་གདོན་མི་ཟའོ།།

        མཚར་རྡོ་ནི་རང་བྱུང་ཁམས་ཀྱི་འཕོ་འགྱུར་གྱི་བརྒྱུད་རིམ་ཁྲོད་དུ་བྱུང་བའི་རིག་གནས་གལ་ཆེན་ཞིག་དང་མཛེས་དཔྱོད་རིག་གནས་གལ་ཆེན་ཞིག་ཡིན་པས་སྒྱུ་རྩལ་ཐོན་རྫས་གཞན་གང་ཞིག་གིས་ཀྱང་ཚབ་བྱེད་ཐབས་མེད་པ་ཞིག་རེད།

        མཚར་རྡོ་ལ་མིའི་རིགས་ཀྱི་ཤེས་རིག་གི་དཔལ་ཡོན་གྱིས་རང་བྱུང་ཁམས་ཆེན་མོའི་བསྡུས་རིས་དང་འབྲེལ་ཏེ་རང་བྱུང་རིག་པ་དང་།གཏེར་རྡོ་རིག་པ། དངོས་མང་རིག་པ། གསལ་འབྱེད་རིག་པ། ཚན་རྩལ་དང་ལོ་རྒྱུས་རིག་པ་སོགས་ཀྱི་ཤེས་བྱའི་ནང་དོན་མཉམ་འདྲེས་བྱས་པ་དང་ལོ་རྒྱུས་ཀྱི་འཕོ་འགྱུར་གྲངས་མེད་བརྒྱུད་ཀྱང་མཚར་རྡོ་རྩེད་སྲོལ་དང་རྩེད་མཁན་སྔར་བཞིན་མ་ཉམས་པར་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་ལ་རྩོད་གཞི་ཡང་དེ་བས་ཀྱང་ཇེ་མང་དུ་འགྲོ་བཞིན་ཡོད།

        མཚར་རྡོ་ནི་རང་བྱུང་ཁམས་ཀྱི་མཐོང་ཤེས་ཀྱི་སྒྱུ་རྩལ་གལ་ཆེན་ཞིག་ཡིན་པས་རང་བྱུང་གི་མཛེས་པ་ཁོ་ན་ཡིན་པ་ལས་མི་སུ་ཞིག་གིས་ཀྱང་རྫུན་བཟོ་བྱས་པ་གཏན་ནས་མིན། གལ་ཏེ་མིའི་རྫུན་བཟོ་བྱས་པའི་མཚར་རྡོ་ཞིག་ཡིན་པའི་དབང་དུ་བཏང་ན། ཁ་དཔེ་ཞིག་ལ། གསེར་ས་ན་ཡོད་རུང་འོད་གནམ་ལ་འཕྲོ་ཟེར་བའི་དཔེ་ལྟར་རྡོ་ལ་མཁས་པའི་ཆེད་མཁས་པ་དག་གིས་ལྟ་ཐེངས་གཅིག་གིས་བདེན་རྫུན་དཀར་ནག་གི་དབྱེ་བ་གསལ་བོར་འབྱེད་ཐུབ། འཇིག་རྟེན་ན་བསླུ་བྲིད་ཧ་ཅང་ཆེ་བའི་རྐྱེན་གྱིས་མི་མང་པོ་ཞིག་གཡོ་འོག་ཏུ་ཚུད་ནས་མཚར་རྡོ་རྫུན་མ་དག་ལ་རང་བྱོན་ཡིན་ཚུལ་དང་མཚར་རྡོ་གོང་ཆེན་ཡིན་ཚུལ་བརྗོད་དེ། ་མཚར་རྡོ་རྫུན་མ་དག་ཚོང་རར་བཀྲམ་ནས་མང་ཚོགས་མང་པོར་ཉོ་རུ་འཇུག་ལ།དཔལ་འབྱོར་ལ་གྱོང་གུན་ཆེན་པོ་བཟོ་བཞིན་ཡོད་པར་མ་ཟད། རྡོ་རིན་པོ་ཆེའི་ཚོང་ར་ཡང་རྙོག་འཛིང་ཅན་དང་རྩོད་གཞི་ཅན་ཞིག་ཏུ་བསྒྱུར་དང་སྒྱུར་མུས་སུ་ཡོད།

        དེ་བས་མཚར་རྡོ་རང་བྱོན་ངོ་མ་ཞིག་ང་ཚོའི་ལག་ཏུ་ཐོན་ན་དེ་ལ་ཇི་ལྟར་གསལ་འབྱེད་བྱེད་པ་དང་ཉར་ཚགས་བྱེད་དགོས་ཞེ་ན། མཚར་རྡོ་ལ་ཚང་དགོས་པའི་ཁྱད་ཆོས་བརྒྱད་དང་ཉར་ཚགས་བྱེད་པའི་ཐབས་ལམ་བཞི། འཛེམ་བྱ་བཞི། མཚར་རྡོ་ངོས་འཛིན་གྱི་ཤེས་བྱ་དྲུག་དང་རི་མོ་དཔྱད་ཐབས་བདུན། མཚར་རྡོའི་རིགས་བཀར་བའི་བྱེད་ཐབས་བརྒྱད་སོགས་དང་། དེ་མིན་མཚར་རྡོ་ལ་རིན་གོང་ཐག་གཅོད་པའི་ཐབས་ལམ་བཅུ་བཅས་ཕྱོགས་མང་པོ་ཞིག་ནས་སློབ་སྦྱོང་བྱེད་དགོས། མཚར་རྡོ་ཉར་ཚགས་བྱེད་མཁན་ཞིག་ཡིན་ན་ཚད་གཞི་དང་མཐུན་པའི་སྒོ་ནས་མཚར་རྡོ་ཉར་ཚགས་བྱེད་མཁན་ཞིག་ཡིན་དགོས་ལ། རང་ཉིད་ལ་མཁོ་བ་དང་རང་ཉིད་དགའ་བའི་མཚར་རྡོའི་རིགས་ངེས་པར་དུ་ཤེས་དགོས་པར་མ་ཟད། མཚར་རྡོ་ཉར་ཚགས་བྱེད་པའི་འབྲེལ་ཡོད་འཛེམ་བྱའང་ཤེས་དགོས།


མཚར་རྡོའི་འཛེམ་བྱ་རིགས་བཞི། 


         འཛེམ་བྱ་དང་པོ།རྡོ་རིན་པོ་ཆེ་ལ་འགྱུར་མེད་ཀྱི་བསམ་པ་མེད་པ། གལ་ཏེ་རྡོ་རིན་པོ་ཆེ་ཉར་ཚགས་བྱེད་པར་སྙིང་སྟོབས་ཆེན་པོ་ཞིག་མེད་ན་ལས་མཐའ་མི་འཁྱོལ་བར་ལུས་འགྲོ་ངེས་རེད།

        འཛེམ་བྱ་གཉིས་པ། མཐོ་སྙེག་ལ་དགའ་ཞིང་སྣ་ཁ་འཛོམས་པར་བརྩོན་པ། ངེས་པར་དུ་གཅིག་སྡུད་བྱས་ཏེ་རང་ཉིད་ཀྱི་ཉར་ཚགས་བྱ་ཡུལ་ཡག་པོ་གདམ་དགོས། ཉར་ཚགས་བྱེད་པའི་བརྒྱུད་རིམ་ཁྲོད་སྔོན་སླ་རྗེས་དཀའ་དང་། སྔོན་རྩུབ་རྗེས་ལེགས་ཀྱི་བསམ་བློ་བཟུང་སྟེ་འཕྲད་མ་ཐག་ཏུ་འགྲུབ་འགྲོ་བར་བསམ་མི་རུང་བར་ཉར་ཚགས་ཀྱི་རིན་ཐང་ཆེ་བའི་མཚར་རྡོ་རེ་ལག་ཏུ་ཨེ་ཡོང་ལ་ཐབས་ཇུས་འཐེན་དགོས།

        འཛེམ་བྱ་གསུམ་པ།སེམས་ཉིས་འགལ་བྱས་ནས་ཐག་གཅོད་དཀའ་བ། གོ་སྐབས་བཟང་པོ་ཡོད་ན་ཤོར་ཏུ་འཇུག་པ། མཚར་རྡོ་ཉར་ཚགས་བྱེད་དུས་གལ་ཏེ་བློ་ལ་འབབ་པའི་མཚར་རྡོ་ཞིག་ཡོད་ན།སྐབས་བསྟུན་ངང་ཐག་གཅོད་བྱེད་དགོས་ལ་གོ་སྐབས་མི་ཤོར་བ་དང་གོ་སྐབས་ཤོར་སོང་ན་ལག་ཏུ་མི་ཡོང་བའི་བསླབ་བྱ་ངེས་པར་དུ་ཤེས་པར་བྱ་དགོས།

        འཛེམ་བྱ་བཞི་པ།ཧོལ་རྒྱུགས་དང་རྨོངས་ཚོད་ཀྱིས་ཉོ་བ། ད་ཆ་མཚར་རྡོ་རིགས་ཀྱི་ཚོང་ར་རྙོག་འཛིང་ཡིན་ལ་དག་རྫུན་མང་པོ་ཡོད་པས་ངེས་པར་དུ་གཟབ་ནན་བྱེད་དགོས་པ་དང་། ལྷག་པར་དུ་དཀོན་ཞིང་རྩ་ཆེ་བའི་མཚར་རྡོའི་རིགས་ལ་དེ་བས་ཀྱང་ཞིབ་ཚགས་བྱས་ཏེ་དག་རྫུན་ལ་ངེས་པར་དུ་གསལ་འབྱེད་ཡག་པོ་བྱེད་དགོས།


མཚར་རྡོའི་རྒྱུན་མཐོང་གི་བདག་སྐྱོང་བྱེད་ཐབས་རིགས་བཞི། 


         གཅིག ལག་པས་གསོ་བ། ལག་པས་གསོ་བ་ནི་ཕྱི་ངོས་ཀྱི་འཇམ་མདངས་ཧ་ལས་པ་ཡག་པའི་མཚར་རྡོ་ཡིན་ན། དུས་ཡུན་རིང་པོར་ལག་ཏུ་བཟུང་ནས་རྩེད་རྒྱུ་དང་འཕུར་རྒྱུ་སོགས་བྱས་ནས་མཚར་རྡོ་ལ་ལག་པའི་སྣུམ་ཚིལ་བསྡུ་ལེན་བྱེད་དུ་བཅུག་སྟེ་འོད་འཕྲོ་བར་བྱེད་དགོས། དེ་ལྟར་བྱས་ན་རྡོ་ཡི་སྤྱན་གཟིགས་དང་། ལོངས་སྤྱོད་རིན་ཐང་། དཔལ་འབྱོར་རིན་ཐང་ཇེ་མཐོར་འགྲོ་ངེས་རེད།

        གཉིས། ཆུ་ཡིས་གསོ་བ། འདི་ནི་ཆེས་རྒྱུན་མཐོང་གི་གསོ་སྲུང་བྱེད་སྟངས་ཤིག་ཡིན་པས། རྡོ་ཡི་རིགས་མང་ཆེ་བར་བཀོལ་སྤྱོད་བྱས་ཆོག་ལ་སྤྱིར་བཏང་དུ་ཉིན་གསུམ་གྱི་ནང་དུ་ཆུ་ནང་ལ་ཐེངས་གཅིག་འཕེན་དགོས་ལ་དེ་ནས་ཆུ་ནང་ནས་བླངས་ཏེ་སྐམ་དུ་འཇུག་དགོས། སྤྱིར་བཏང་དུ་ཉིན་གསུམ་བཞིའི་ནང་དུ་ཐེངས་གཅིག་བྱས་ན་ཆོག

        གསུམ། སྣུམ་གྱིས་གསོ་བ། སྣུམ་གྱིས་གསོ་བའི་མཚར་རྡོ་ཡི་སྲ་ཚད་ནི་ཏུའུ4ནས5ཡི་ཡན་ཡིན་དགོས། སྲ་ཚད་དེ་ལས་དམའ་བའི་རྡོ་རྒྱུ་ཚང་མ་སོབ་པོར་གྱུར་ནས་སྣུམ་འཇིབ་སྟེ་ཁ་དོག་ཇེ་རྩོག་ཏུ་འགྱུར་སླ། ལ་ལ་ཞིག་སྣུམ་དང་འཕྲད་ན་ཁ་དོག་འགྱུར་ངེས་ལ། དེ་ནི་སྣུམ་བྱུག་རྗེས་ཀྱི་རྡོ་ཡི་ཕྱི་ངོས་སུ་དཀར་ཁྲ་འབྱུང་སྲིད། རྡོ་གསོ་བར་རྒྱུན་དུ་སྤྱོད་པའི་སྣུམ་ལBBསྣུམ་དང་། སྐྱུ་རུའི་སྣུམ། ཀུའེ་སྣུམ། ཇ་སྣུམ། ད་ཆ་ཚོང་ར་རུ་འཚོང་བཞིན་པའི་མཚར་རྡོ་གསོ་སྲུང་གི་ཆེད་སྤྱོད་སྣུམ་སོགས་ཡོད། གལ་ཏེ་སེམས་ཆུང་མ་བྱས་པར་སྣུམ་གཞན་པར་ནོར་སོང་ན་འདག་ཕྱེ་དང་ཆུ་ཚ་པོས་གཙང་འཁྲུ་བྱས་ཆོག དེ་རྗེས་སྐམ་པོར་འཇོག་དགོས། གལ་ཏེ་ལྭ་བ་བཀྲུ་བྱེད་ཀྱི་འདག་རྫས་རིགས་དང་ཆུ་ཁོལ་ཚ་བོས་བཀྲུས་ཀྱང་ཕན་མི་ཐོགས་ན། རྩྭ་སྐྱུར་འདྲེས་པའི་ཆུའི་ནང་དུ་ཅུང་ཙམ་སྦངས་རྗེས་ལག་ཕྱིས་རློན་པས་ཕྱིས་ན་ཉིན་གཉིས་ནས་གསུམ་འགོར་རྗེས་སྔར་གྱི་རྣམ་པ་སླར་གསོ་བྱེད་ཐུབ།

        བཞི། ཇ་ཡིས་གསོ་བ། གལ་ཏེ་མཚར་རྡོ་རྩེད་མཁན་ཞིག་ཡིན་ན་ཇ་འཐུང་རྒྱུར་ཡང་ཧ་ཅང་དགའ་མཁན་ཞིག་ཡིན་ངེས། ཉིན་རེ་བཞིན་ཇ་འཐུང་དུས་སུ་ཇ་ཡིས་བཀྲུས་ནས་རྡོ་དེ་ལ་བདག་སྐྱོང་བྱས་ན་ཕན་ནུས་ཆེན་པོ་ཡོད། དེ་བས་ང་ཚོས་རྡོ་རིན་པོ་ཆེའི་རིགས་བཞི་ལ་ངོས་ཟིན་ལེགས་པོ་བྱེད་དགོས་ན། ངེས་པར་དུ་རྡོ་རིན་པོ་ཆེའི་རིག་གནས་ཀྱི་རྒྱབ་ལྗོངས་དང་ལོ་རྒྱུས་ཀྱི་རྒྱབ་ལྗོངས། ཉམས་མྱོང་དང་ལག་ལེན། མིང་གི་འདོགས་སྟངས་དང་ཉར་ཚགས་བྱེད་ཐབས། ཉོ་ཚོང་ཁ་ཕྱོགས་སོགས་མང་པོ་ཞིག་ལ་སློབ་སྦྱོང་བྱེད་དགོས། དེ་ལྟར་སློབ་སྦྱོང་དང་ལག་ལེན་སོགས་ཅི་ཡང་མ་བྱས་པར་རང་ངོས་ནས་དགའ་བ་རྐྱང་རྐྱང་ཙམ་གྱིས་འཕེལ་རྒྱས་དང་ཡར་ཐོན་གཏན་ནས་ཡོང་མི་སྲིད་དོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1