བདེ་ཆེན་གྱིས་གངས་ལྗོངས་ས་མཐོ་རུ་མི་རིགས་མཐུན་སྒྲིལ་དང་སྐྱེ་ཁམས་དཔལ་ཡོན་གྱི་ལེའུ་གསར་བ་བརྩམས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 08-10


  

        གསར་འགོད་པས་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཏང་ཨུ་ནས་ཤེས་གསལ་ལྟར་ན། ཉེ་བའི་ལོ་འགའི་རིང་། བདེ་ཆེན་ཁུལ་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་ཧུར་ཐག་གིས་བཏོད་པ་དང་ཆབས་ཅིག སྐྱེ་ཁམས་ལ་བརྟེན་ནས་ཁུལ་འཛུགས་སྐྱོང་བྱེད་པ་མཐའ་འཁྱོངས་བྱས་ཏེ། གངས་ལྗོངས་ས་མཐོ་རུ་མི་རིགས་མཐུན་སྒྲིལ་དང་སྐྱེ་ཁམས་དཔལ་ཡོན་གྱི་ལེའུ་གསར་བ་བརྩམས། 

 

         བདེ་ཆེན་ཁུལ་གྱིས་མི་རིགས་མང་བ་དང་། ཆོས་ལུགས་མང་བ། རིག་གནས་མང་བོ་མཉམ་འདྲེས་བཅས་ཀྱི་དོན་དངོས་ལ་གཞི་ཚུགས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་དེ་རྨང་གཞིའི་རང་བཞིན་གྱི་བྱ་གཞག་ལ་བརྩིས་ནས་དམ་འཛིན་ཡག་པོ་བྱེད་པ་མཐའ་འཁྱོངས་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་གཏིང་ཟབ་ངང་སྤེལ་བ་བརྒྱུད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སྤྱི་ཚོགས། ཁྲིམས་སྐྱོང་སོགས་ཐད་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་བརླིང་དུ་བཏང་བ་དང་། མི་རིགས་རིག་གནས་མཉམ་འདྲེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ་དང་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་བཏང་བས་མི་རིགས་མཐུན་སྒྲིལ་ཡར་ཐོན་དེ་བདེ་ཆེན་ཁུལ་འཕེལ་རྒྱས་དང་ཡར་རྒྱས་ཡོང་བའི་བཀྲག་མདངས་འཚེར་ས་ཆེ་ཤོས་ཀྱི་རྨང་གཞི་ཡག་ཤོས་སུ་གྱུར་ཡོད།


         ངོ་སྤྲོད་ལྟར་ན། བདེ་ཆེན་ཁུལ་ཡོངས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་འཛུགས་རྒྱུ་དེ་མི་རིགས་ལས་དོན་གྱི་གཙོ་རྐང་དུ་བཞག་ནས། ཡུན་ནན་ཞིང་ཆེན་ཡོངས་སུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཞིབ་འཇུག་སློབ་གསོ་ལག་ལེན་ལྟེ་གནས་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་མཐུན་ཚོགས་བཙུགས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོ་རྒྱ་ཁྱབ་ངང་གཏིང་ཟབ་སྤེལ་ཡོད། གཞན་ཡང་། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར3བཏང་ནས་རེས་སྐོར་གསུམ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི“མི་བརྒྱ་སྟོང་ཁྲི”ཡི་དཔེ་སྟོན་སྣེ་ཁྲིད་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་གཏིང་ཟབ་བྱས་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི“ཡར་རྒྱས་བཅུ”གཏོད་པར་སྐུལ་འདེད་གཏིང་ཟབ་བྱས་ཤིང་། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྡེ་ཚན2དང་ཞིང་ཆེན་ཡོངས་ཀྱི་དཔེ་སྟོན་སྡེ་ཚན96པ་གཏོད་ཡོད། 2021ལོའི་ཟླ་དང་པོར་བདེ་ཆེན་ཁུལ་གྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་བདེ་བླག་ངང་བཙུགས་པ་རེད།


         ཉེ་བའི་ལོ་འགའི་རིང་། བདེ་ཆེན་ཁུལ་གྱིས་སྐྱེ་ཁམས་ལ་བརྟེན་ནས་ཁུལ་འཛུགས་པ་དང་། “རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པ”དང“གངས་རི་འཁྱགས་རོམ་ཡང་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་མཐའ་འཁྱོངས་བྱས་ནས། བདེ་ཆེན་ཁུལ་གྱི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་དཔལ་ཡོན་གྱི་འཕེལ་རྒྱས་ལམ་བུའི་ཐོག་བསྐྱོད་ཡོད། སྐྱེ་ཁམས་ཐོན་ཁུངས་སྲུང་སྐྱོང་ཡག་པོ་བྱ་ཆེད། བདེ་ཆེན་ཁུལ་གྱིས་རང་བྱུང་ཐོན་ཁུངས་སྲུང་སྐྱོང་བྱེད་པའི་ཁྲིམས་སྲོལ་དང་སྲིད་ཇུས་རབ་དང་རིམ་པ་བཏོན་ཏེ་རང་བྱུང་ནགས་ཚལ་སྲུང་སྐྱོང་དང་། རྨོ་བསྐྱུར་ནགས་གསོ། གྲོང་གསེབ་ཀྱི་ནུས་རྒྱུ་འཛུགས་སྐྲུན་སོགས་སྐྱེ་ཁམས་རྣམ་གྲངས་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་བ་དང་། རི་ཁུལ་དུ“སྔོ་ལྗང་སླར་གསོ”དང་གྲོང་ཁྱེར་དང་གྲོང་གསེབ་ཏུ“སྔོ་ལྗང་ཇེ་མང་དུ་གཏོང་བ”བརྒྱུད་ནགས་ཚལ་ཁྱབ་ཚད77.63%ཟིན་ནས་ཞིང་ཆེན་ཡོངས་ཀྱི་ཨང་གསུམ་པར་སླེབས་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1