ཡུལ་མིའི་ཡུལ་སྐོར་སྣེ་ལེན་ཁང་ཆུང་ངུ་ཡིས་དཔལ་འབྱོར་ཆེན་མོར་སྐུལ་ཁྲིད་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 08-12


 


རོང་བྲག་རྫོང་གིས་ཡུལ་སྐོར་སྣེ་ལེན་ཐོན་ལས་ལ་བརྟེན་ནས་དམངས་ཕྱུག་འབབ་འཕར་ཡོང་བར་སྐུལ་འདེད་བཏང་དང་གཏོང་བཞིན་ཡོད། 

        ཡུལ་སྡེ་དར་རྒྱས་གཏང་དགོས་ན་ཡུལ་བབ་དང་བསྟུན་ཏེ་དམངས་ཕྱུག་གི་ཐོན་ལས་འདེམས་པ་ནི་གནད་འགག་ཡིན་ཞིང་། ཉེ་བའི་ལོ་ཤས་རིང་། རང་ཁུལ་གྱི་རྫོང་དང་གྲོང་ཁྱེར་ཁག་གིས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་། ཞིང་ལས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་ཁྱད་ཆོས་ལྡན་པའི་དམངས་ཕྱུག་ཐོན་ལས་སྤེལ་ཏེ། ཇའི་དྲི་ཞིམ་དང་ཤིང་ཏོག་གི་དྲི་ཞིམ་གང་སར་འཐུལ། རི་བོ་མཛེས་ཞིང་ཆུ་དྭངས་ལ། ཡུལ་གྲོང་དེ་བས་མཛེས་ཤིང་ལྟ་ན་སྡུག་པར་ཆགས་ཡོད།

        རི་ཁུལ་གནའ་བོའི་མཁར་རྫོང་གི་འབྱུང་ཡུལ་ཏེ་རོང་བྲག་རྫོང་ནི་རྒྱལ་རོང་ཚ་བ་རོང་གི་ཁྱད་ཆོས་ཟབ་མོ་ལྡན་པའི་གྲོང་སྡེའི་མཛེས་ལྗོངས་ཤིག་ཡིན་པ་དང་། གནའ་བོའི་བོད་གྲོང་དུ་འཚོ་གནས་བྱེད་པའི་རྒྱལ་རོང་མི་སེར་ཚོ་ལ་མཚོན་ན་རི་གསེབ་ཏུ་དྭངས་གཙང་གི་མཁའ་རླུང་ཁྲོད་རང་བྱུང་མཛེས་ལྗོངས་མིག་ལམ་དུ་འཆར་ཐུབ་ལ། རང་བྱུང་མཛེས་ལྗོངས་དེ་དག་ཀྱང་རོང་བྲག་རྫོང་དུ་ཡུལ་སྐོར་ཡོང་ཞིང་ཡུལ་མིའི་གནས་ཚང་འགྲུལ་ཁང་དུ་སྡོད་པའི་ཡུལ་སྐོར་བ་ཚོས་བརྗེད་པར་དཀའ་བའི་དྲན་ཤེས་གཙོ་རུ་གྱུར།

        རོང་བྲག་རྫོང་བརྒྱ་རྒྱུད་གྲོང་རྡལ་བརྒྱ་རྒྱུད་གྲོང་ཚོ་གཉིས་པར་བདེ་སྡོད་ཞིང་ཁམས་ཞེས་འབོད་པའི་གྲོང་མི་འཆི་མེད་ཆེན་ཆེན་ཚང་གི་ནོར་ཁྱིམ་ཟེར་བའི་མགྲོན་པར་སྣེ་ལེན་བྱེད་གནས་ཤིག་ཡོད། འདི་ལོར་ལོ་ན34ལ་སླེབས་པའི་འཆི་མེད་ཆེན་ཆེན་ནི་ནོར་ཁྱིམ་གྱི་བདག་པོ་རེད། 2017ལོར་འཆི་མེད་ཆེན་ཆེན་གྱིས་སྒོར་མོ་ཁྲི80བཏང་ནས་མཐོ་ཚད་ཐོག་བརྩེགས་ལྔ་ཡོད་པའི་རྡོ་དང་ཤིང་ལས་གྲུབ་པའི་བོད་ཁང་ཞིག་བསྐྲུན་པ་དང་རྗེས་སུ་གྲོགས་པོས་མ་དངུལ་འཇོག་རོགས་བྱས་པར་བརྟེན་ད་ཆའི་ནོར་ཁྱིམ་དེ་བསྐྲུན་ཐུབ་པ་བྱུང་ཡོད། གཅུང་མོ་སྐལ་བཟང་ལྷ་མོ་སློབ་གྲྭར་ཐོན་རྗེས་ཕ་ཡུལ་དུ་ལས་གཏོད་བྱེད་སར་ཡོང་སྟེ་འཆི་མེད་ཆེན་ཆེན་གྱི་ལས་རོགས་འཇོན་པོ་ཞིག་ཏུ་གྱུར་ཡོད། དམངས་སྲོལ་སྣེ་ལེན་ཁང་དེའི་ལས་བཟོ་བ་ཕལ་ཆེར་ན་གཞོན་ཡིན་པས། གཅེན་གཅུང་གཉིས་དང་ལས་བཟོ་བརྒྱད་ཡོད་པའི་སྣེ་ལེན་ཁང་དེ་ཡུལ་སྡེ་དེའི་ལང་ཚོའི་སྒེག་ཉམས་རབ་ཏུ་དོད་པའི་མི་སེར་གྱི་ཡུལ་སྡེའི་ཡུལ་སྐོར་སྣེ་ལེན་སྡོད་ཁང་དུ་གྱུར།

        གནའ་བོའི་མཁར་རྫོང་དང་བོད་གྲོང་ནི་ང་ཚོའི་ཐོན་ཁུངས་གཙོ་བོ་ཡིན་མོད། འོན་ཀྱང་དེ་དག་གིས་ད་དུང་གཏན་ནས་འདང་གི་མེད་ཅེས་འཆི་མེད་ཆེན་ཆེན་གྱིས་དེ་ལྟར་བཤད། ལོ་དེ་དག་ནང་ཡུལ་སྐོར་སྣེ་ལེན་ཁང་གཉེར་སྐྱོང་བྱེད་པའི་ཉམས་མྱོང་མི་ཉུང་བ་ཞིག་བསགས་ཡོད་པར་བརྒྱུད་ཁོང་གིས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་དང་ཡུལ་སྐོར་བ་ཉིན་བཞིན་ན་གཞོན་དུ་གྱུར་པའི་འཕེལ་འགྲོས་དང་བསྟུན་ནས་ཡུལ་སྐོར་བའི་དགོས་མཁོ་བསྐང་དགོས་ཚེ་ངེས་པར་དུ་དུས་བསྟུན་འཕེལ་རྒྱས་ཀྱིས་ལམ་བུ་གསར་པ་བཏོད་དེ་རོང་བྲག་གི་མི་སེར་གྱི་ཡུལ་སྐོར་སྣེ་ལེན་ལ་གསོན་ཤུགས་གསར་པ་འཕེལ་དུ་འཇུག་དགོས་པའི་ངོས་འཛིན་བྱུང་།

        གྲོང་གསེབ་དང་ཡུལ་སྐོར་མཉམ་འདྲེས་ཀྱིས་ཡུལ་སྡེའི་མི་སེར་མགྲོན་ཁང་ལ་སྐུལ་འདེད་གཏོང་བ་དང་བསྟུན་ནས་རོང་བྲག་གི་མི་སེར་མགྲོན་ཁང་གི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་ཆེད། རོང་བྲག་རྫོང་གིས་ཡུལ་སྐོར་འགྲིམ་འགྲུལ་ཕྱོགས་བཞི་མཚམས་བརྒྱད་མཆེད་པའི་འཆར་གཞི་བཏོན་པ་དང་ཕྱི་རོལ་གྱི་བགྲོད་ལམ་ཡང་གཏོད་གང་ཐུབ་བྱས་ནས་ཤར་ལྷོ་ནུབ་བྱང་གི་ཕྱོགས་གང་སར་མགྱོགས་མྱུར་རིམ་སྤོར་དང་བསྐྱར་སྐྲུན་བྱས་པ་རེད། ས་གནས་ཀྱི་ནོར་ཤུགས་དང་རོགས་སྐྲུན་མ་དངུལ་ལ་བརྟེན་ནས་ཡུལ་སྐོར་ལམ་ཐིག་གཙོ་བོར་མ་དངུལ་འབོར་ཆེན་བཏང་ནས་རིམ་པ་སྤར་བ་དང་ཡུལ་སྡེ་གཞུང་ལམ་ཡུལ་གྲོང་ཚང་མར་ཁྱབ་ཡོད་པར་བྱས་ཡོད།

        རོང་བྲག་གི་ཡུལ་སྐོར་སྤུས་རྟགས་གཏོད་པ་དང་རྨང་གཞིའི་སྒྲིག་བཀོད་ཉིན་བཞིན་འཐུས་ཚང་དུ་སོང་བ་དང་ཆབས་ཅིག། བོད་གྲོང་ཚང་མར་ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་གཏོང་བ་དང་། ཡུལ་སྡེའི་ཡུལ་སྐོར་སྣེ་ལེན་ཕྱོགས་བཞི་ནས་མེ་ཏོག་བཞད་པ་ལྟ་བུ་གཉེར་ཞིང་ཡུལ་དམངས་ཀྱི་སྣེ་ལེན་ཁང་གི་དཔལ་འབྱོར་སྟོབས་ཤུགས་ཆེ་རུ་ཕྱིན་པའི་ཐོན་ལས་སྤེལ་སྟངས་ཤིག་རིམ་བཞིན་ཆགས་ཡོད། ད་ཆར་གྲོང་སྡེ་དང་ཡུལ་སྡེ་ཚང་མར་ཡུལ་སྐོར་འཕེལ་རྒྱས་གཏོང་བ་དང་ཁྱིམ་ཚང་ཚང་མ་ཡུལ་སྐོར་སྣེ་ལེན་ནང་ཞུགས་པ་དེ་རོང་བྲག་གི་ཡུལ་སྡེ་དར་རྒྱས་དང་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པར་གྱུར་ཡོད། ཡུལ་སྐོར་བཟའ་བཏུང་དང་གྲོང་མིའི་ཡུལ་སྐོར་སྣེ་ལེན། ལྗོངས་ཁུལ་འགྲེལ་བཤད། ཁྱད་ལྡན་ཞིང་ལས་ཐོན་རྫས་འཚོང་བ། ཁྱད་ལྡན་ཡུལ་སྐོར་ཐོན་རྫས་ལས་སྣོན་སོགས་ཡུལ་སྐོར་ལས་རིགས་ཆར་རྗེས་ཀྱི་མྱུ་གུ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས་ཡུལ་སྐོར་ལས་རིགས་དེ་རྫོང་ཁོངས་དཔལ་འབྱོར་གྱི་སྲོག་ཤིང་ཐོན་ལས་དང་། ཡུལ་སྡེ་དར་རྒྱས་གཏོང་བའི་ཕུགས་རེའི་ཐོན་ལས། མང་ཚོགས་ཕྱུག་འབྱོར་གྱི་ཐོན་ལས་སྟོབས་ཆེན་བཅས་སུ་གྱུར་ཡོད་པ་རེད།

        ད་སྔའི་བར་རོང་བྲག་རྫོང་གི་ཡུལ་སྐོར་དང་འབྲེལ་བ་ཡོད་པའི་གྲོང་ཚོ་སྤྱིའི་གྲངས་འབོར་གྱི་བརྒྱ་ཆ78.6ལ་ཟིན་ཞིང་། ལོ་རེའི་ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར33 དང་ཡུལ་སྐོར་ལས་དོན་མི་སྣ1800ལྷག་ལ་ཟིན་པ་དང་། རྫོང་ཡོངས་ཀྱི་མང་ཚོགས་ལ་ཡུལ་སྐོར་ལས་ཕན་པ་ཐོབ་ཚད་བརྒྱ་ཆ70ཡན་ལ་ཟིན་ཡོད། ཡུལ་སྐོར་གྱི་ཐད་ཀའི་ལས་དོན་མི་སྣའི་འབབ་འཕར་སྒོར་ཁྲི3ཡན་ལ་ཟིན་ཞིང་། སྤུས་ཚད་མཐོ་བའི་ཡུལ་སྐོར་སྣེ་ལེན་ཁང་དང་དཔེ་སྟོན་དུད་ཚང་གི་ལོ་རེའི་ཡོང་འབབ་སྒོར་ཁྲི200ཡན་ལ་ཟིན་ཡོད། རྫོང་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡུལ་སྐོར་གྱིGDPདང་། མི་རེའི་ཆ་སྙོམས་ཡུལ་སྐོར་དང་འབྲེལ་བ་ཡོད་པའི་ཡོང་འབབ་ཁེ་གཙང་། ཡུལ་སྐོར་དང་འབྲེལ་བ་ཡོད་པའི་ལས་ཞུགས་བསྡུར་ཚད་བཅས་ཚང་མ་སི་ཁྲོན་ནུབ་རྒྱུད་ཀྱི་མཐོ་སྒང་གྲོང་ཁྱེར་དང་རྫོང་ཁག་གི་མདུན་གྲལ་དུ་སླེབས་ཡོད་དོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1