ཞི་ཅིན་ཕིང་གིས་མར་ཐའི་སློབ་འབྲིང་གི“ཀྲུང་གོའི་གླིང”གི་དགེ་སློབ་ཚོར་འཕྲིན་ལན་སྤྲིངས་པ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 08-11


        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མར་ཐའི་ཧྲེང་མ་ཀེ་ལི་ཐེ་སློབ་འབྲིང་གི“ཀྲུང་གོའི་གླིང”གི་དགེ་སློབ་ཚོར་འཕྲིན་ལན་སྤྲིངས་ནས་མར་ཐའི་གཞོན་ནུ་ལོ་ཆུང་དེ་བས་མང་བས་ཀྲུང་མར་གྱི་མི་ཆོས་རིག་གནས་སྤེལ་རེས་ནང་ཧུར་ཐག་ཞུགས་རྒྱུར་སྐུལ་ལྕག་གནང་བ་རེད།

        ཞི་ཅིན་ཕིང་གིས་ཀྲུང་མར་ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག་ཧྲེང་མ་ཀེ་ལི་ཐེ་སློབ་འབྲིང་གི“ཀྲུང་གོའི་གླིང”གིས་མར་ཐའི་གཞོན་ནུ་ལོ་ཆུང་ཚོས་ཀྲུང་གོར་ཤེས་རྟོགས་བྱེད་ཚད་ཆེ་རུ་བཏང་བ་མ་ཟད། ཀྲུང་མར་གྱི་མཛའ་གྲོགས་ལ་སྐུལ་འདེད་གཏོང་བར་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད། “ཀྲུང་གོའི་གླིང”ཇི་ཙམ་གཉེར་བ་དེ་ཙམ་གྱིས་ལེགས་སུ་འགྲོ་རྒྱུའི་རེ་བ་ཡོད་ལ་དགེ་སློབ་ཚོ་ཀྲུང་གོར་སྤེལ་རེས་དང་སློབ་སྦྱོང་བྱེད་པར་ཡོང་རྒྱུར་དགའ་བསུ་ཡང་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

        ཞི་ཅིན་ཕིང་གིས་གནམ་འོག་སྤྱི་སྙོམས་ཆེན་པོ་དང་རྒྱལ་ཁབ་མང་པོ་མཐུན་འགྲིག་ཡོང་བ་བྱེད་པ་ནི་ཀྲུང་ཧྭ་མི་རིགས་ཀྱིས་གནའ་སྔ་མོ་ནས་བཟུང་མིའི་རིགས་ཀྱི་སྤྱི་ཚོགས་ལ་བཅངས་པའི་མཛེས་སྡུག་གི་ཕུགས་འདུན་ཞིག་རེད་ལ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་འདུ་ཤེས་ཀྱི་རིག་གནས་འབྱུང་ཁུངས་ཤིག་ཀྱང་རེད། ང་ཚོ་འཚོ་བ་སྐྱེལ་སའི་འཛམ་གླིང་གི་ལོ་རྒྱུས་དང་དོན་དངོས་མཉམ་འདྲེས་དང་། རེ་བ་དང་འགྲན་སློང་མཉམ་གནས། མིའི་རིགས་ཀྱི་ལས་དབང་སྐྱིད་སྡུག་མཉམ་མྱོང་། ཕན་ཚུན་ལྟ་སྐྱོང་དང་རོགས་རམ། མཉམ་ལས་གཉིས་ཕན་བཅས་བྱས་ཚེ་གཞི་ནས་མིའི་རིགས་ཀྱི་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་ཐུབ། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་དཀའ་གནད་སེལ་བ་དང་རྒྱལ་སྤྱིའི་བདེ་འཇགས་ཀྱི་འགྲན་སློང་ལ་ཁ་གཏད་གཅོག་ཆེད། ཀྲུང་གོས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ་བཅས་སྔ་རྗེས་སུ་བཏོན་ནས་ཐུན་མོང་ངོས་འཛིན་རྒྱ་ཁྱབ་ངང་གཅིག་སྒྲིལ་དང་སྟོབས་ཤུགས་གཅིག་སྡུད་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ལག་ལེན་བསྟར་ཡོད་ཅེས་གསུངས་པ་རེད།

        ཞི་ཅིན་ཕིང་གིས་འདི་ལོ་ནི་ཀྲུང་མར་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བའི་ལོ་ཞིག་ཡིན་པས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་ལོ་རྒྱུས་མི་འདྲ་བ་དང་རིག་གནས་མི་འདྲ་བའི་རྒྱལ་ཁབ་དབར་གྱི་མཛའ་གྲོགས་མཉམ་གནས་ཀྱི་དཔེ་མཚོན་ཞིག་ཏུ་གྱུར་ཡོད། མར་ཐའི་དགེ་སློབ་དང་གཞོན་ནུ་ལོ་ཆུང་དེ་བས་མང་བ་ཀྲུང་གོ་དང་མར་ཐའི་མི་ཆོས་རིག་གནས་སྤེལ་རེས་ནང་ཧུར་ཐག་ཞུགས་ནས་ཤེས་དཔལ་མྱོང་ལེན་གྱི་སྐུལ་འདེད་པ་དང་མི་དམངས་ཀྱི་མཛའ་གྲོགས་རྒྱུན་འཛིན་པར་འགྱུར་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།

        ཧྲེང་མ་ཀེ་ལི་ཐེ་སློབ་འབྲིང་ནི་མར་ཐའི་ཕྱོགས་བསྡུས་རང་བཞིན་གྱི་གཞུང་བཙུགས་སློབ་གྲྭ་ཞིག་ཡིན་པ་དང་2010ལོར་ཀྲུང་གོ་ཕྱོགས་ཀྱི་རྒྱབ་སྐྱོར་འོག“ཀྲུང་གོའི་གླིང”བཏོད་ཡོད། ཉིན་ཤས་གོང་། སློབ་གྲྭ་དེའི“ཀྲུང་གོའི་གླིང”གི་དགེ་སློབ་ཚོས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཕྲིན་ཡིག་ཕུལ་ནས་ཀྲུང་གོའི་རིག་གནས་ལ་བཅངས་པའི་དགའ་ཞེན་མཚོན་པར་བྱས་པ་དང《གུས་སྲོལ》ནང་གི“སྐྱེས་བུ་དམ་པས་གནམ་འོག་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་པ་དྲངས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་དང“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་གདེང་འཇོག་གང་ལེགས་བྱས་ཏེ་མར་ཀྲུང་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བར་སྨོན་འདུན་ཞུ་རྒྱུ་དང་མར་ཀྲུང་གི་རིག་གནས་སྤེལ་རེས་ཆེད་ལེགས་སྐྱེས་མང་ཙམ་འབུལ་འདོད་ཡོད་ཅེས་ཞུས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1