༄༅།།གེ་སར་བླ་མའི་རྣལ་འབྱོར།

རབ་བརྟན་དགེ་ལེགས་ཕུན་ཚོགས། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 08-12


  གེ་སར་གྱི་བླ་མའི་རྣལ་འབྱོར་ནི་གེ་སར་དད་མོས་དེ་ཆོས་ལུགས་མཚན་ཉིད་པར་གྱུར་པའི་མཚོན་རྟགས་གཅོ་བོ་ཞིག་ ཡིན་ཏེ།  སྤྱིར་བླ་མའི་རྣལ་འབྱོར་ཞེས་པ་ནི་བླ་སྒྲུབ་ཐིག་ལེ་རྒྱ་ཅན་སོགས་ལས་མང་དུ་གསུངས་ཀྱང་རྗོགས་ཆེན་གྱི་ལུགས་སུ་ བླ་མ་ལ་མོས་གུས་བྱས་པ་ཁོ་ནའི་སྟོབས་ཀྱིས་བླ་མའི་ཐུགས་རྒྱུད་ཀྱི་ཡོན་ཏན་ཐམས་ཅད་རང་རྒྱུད་དུ་འཕོས་ནས་བླ་སློབ་ དགོངས་པ་དབྱེར་མེད་དུ་འགྱུར་དགོས་པའི་ལྟ་བ་སྟེ།  དེ་ལ་ཡང་འདིར་རྗོགས་པ་ཆེན་པོ་སེམས་ཀློང་མན་ངག་གི་སྡེ་གསུམ་ ལས་མན་ངག་སྡེའི་ལུགས་ལྟར་ན།  བླ་མའི་རྣལ་འབྱོར་ལ་ཕྱི་སྒྲུབ་ནང་སྒྲུབ་གསང་སྒྲུབ་གསུམ་དུ་གསུངས་ཤིང་།  དེ་དག་ནི་ གང་ཟག་གི་བློ་ཡི་རིམ་པ་ལྟར་བཞག་པ་ཡིན་ལ། དེ་དག་ལས་གསང་སྒྲུབ་བླ་མའི་རྣལ་ལབྱོར་འདི་ནི་ཆེས་གལ་ཆེ་བ་ཡིན་པས་ དེའི་དོན་ཅུང་ཟད་བཤད་ན།  སྤྱིར་རྣལ་འབྱོར་ཞེས་པ་ནི་ཆོས་ཉིད་རྣལ་མའི་དོན་ལ་བློ་ཡང་དག་པར་འབྱོར་བ་ལ་ཟེར་ཞིང་། དེ་ནི་བླ་མའི་གཟུགས་སྐུ་དང་ཆོས་སྐུ་སྟེ་སྐུ་གཉིས་གདོད་མ་ནས་འདུ་བྲལ་མེད་པའི་སྟེང་ནས་གོ་དགོས།  མཚོན་བྱ་དོན་གྱི་ ཡེ་ཤེས་ནི་བླ་མའི་ཐུགས་ཆོས་ཀྱི་སྐུ་ཡིན་ལ།  དེ་མཚོན་པར་བྱེད་པ་ལ་མཚོན་བྱེད་རྟགས་ཀྱི་བླ་མ་དག་མ་དག་པའི་གདུལ་བྱ་ རང་རང་གི་སྐལ་བ་དང་མཐུན་པར་སྐུ་གསུང་ཐུགས་ཀྱི་རང་བཞིན་ཅན་བླ་མ་གཟུགས་སྐུའི་ངོ་བོར་སྣང་བ་དེ་ཡིན་ལ།  དེ་ ལྟར་རང་གི་བླ་མ་དེ་ཆོས་སྐུ་དང་འདུ་འབྲལ་མེད་པ་ལ་གཞན་གྱིས་འཕྲོག་མི་ནུས་པའི་ཡིད་ཆེས་ཀྱི་དད་གུས་ཆེན་པོས་བླ་མ་ སྒོམ་པ་ནི་གསང་སྒྲུབ་ཆོས་སྐུའི་བླ་མའི་རྣལ་འབྱོར་གྱི་དོན་མདོ་ཙམ་བསྟན་པ་ཡིན།  སྤྱིར་སོ་ཐར་ལྟར་ན་བླ་མ་དེ་ཉན་རང་ འཕགས་པ་དང་སོ་སྐྱེ་ཡོན་ཏན་ཅན་དུ་མཐོང་བས་གོ་ཆོད་པར་གསུངས་ལ། བྱང་སེམས་ཀྱི་ལུགས་ལ་འཕགས་པ་ས་ལ་གནས་ པའམ་སངས་རྒྱས་སྤྲུལ་བའི་སྐུ་ལྟ་བུར་མཐོང་བས་གོ་ཆོད་པ་རེད།  རྗོགས་པ་ཆེན་པོའི་ལུགས་ལ་བླ་མ་དེ་སངས་རྒྱས་སྤྲུལ་སྐུ་ དང་ལོངས་སྐུའི་ངོ་བོར་མཐོང་བས་ཀྱང་མི་ཆོག་པར་ངེས་པར་དུ་སངས་རྒྱས་ཆོས་སྐུར་མཐོང་བའི་སྒོ་ནས་དད་མོས་དྲག་ པོས་གསོལ་བ་འདེབས་ནུས་ན། ལམ་རྐྱེན་གཞན་ལ་རག་མི་ལས་པར་རྟོགས་པའི་ཡེ་ཤེས་རང་རྒྱུད་ལ་སྐྱེད་ནུས་པར་གསུངས་ ཡོད།  ཀུན་མཁྱེན་ཀློང་ཆེན་པའི་ལུགས་ལ་ཕྱི་སྤྲུལ་སྐུའི་སྒྲུབ་པ་དང་ནང་ལོངས་སྐུའི་སྒྲུབ་པ།གསང་བ་མཁའ་འགྲོའི་སྒྲུབ་པ། ཡང་གསང་ཡེ་ཤེས་བླ་མ་མཉམ་བཞག་གི་སྒྲུབ་པ་རྣམས་གསུངས་ཀྱང་། སྐབས་འདིར་རྫོགས་པ་ཆེན་པོ་མན་ངག་སྡེའི་ལུགས་ ལྟར་དེ་དག་ཐམས་ཅད་གསང་སྒྲུབ་བླ་མའི་རྣལ་འབྱོར་གྱི་སྒོ་ན།  ས་ཅུང་ཟད་བཤད་པ་ཡིན། མདོར་ན། བླ་མ་སངས་རྒྱས་སུ་ ཤེས་པ་ལྔའི་སྒོ་ནས་བླ་མ་སངས་རྒྱས་ཆོས་སྐུའི་ངོ་བོར་ཤེས་ཤིང་།  སྣང་སེམས་བསྲེ་བ་དང་དབང་བཞི་ལེན་པ།  གསོལ་བ་ འདེབས་པ།  ཁྱད་པར་དུ་མིག་ནས་མཆི་མ་འཁྲུགས་པ་དང་ལུས་ནས་བ་སྤུ་གཡོ་ཞིང་སྡོད་མི་ཚུགས་པ་ལྟ་བུའི་དད་པ་བྱ་རྒྱུ་དེ་ནི་གསང་སྒྲུབ་བླ་མའི་རྣལ་འབྱོར་ཡིན་ཞིང་།དེ་ལྟ་བུའི་བླ་མའི་རྣལ་འབྱོར་ལ་བརྟེན་ནས་བླ་སློབ་དགོངས་པ་དབྱེར་མེད་དུ་ གྱུར་པ་ནི་དཔེར་ན་པཎ་ཆེན་ན་རོ་པའི་རྣམ་ཐར་ལྟ་བུ་ཡིན་ནོ། གེ་སར་གྱི་བླ་མའི་རྣལ་འབྱོར་ཞེས་པ་ནི་གོང་གི་ནང་བསྟན་གྱི་རྗོགས་ཆེན་པའི་ལྟ་གྲུབ་ཀྱི་དགོངས་པ་གཞིར་བཟུང་ནས་གེ་སར་ནི་སྐྱབས་གསུམ་ཀུན་འདུས་ཀྱི་ངོ་བོ་བླ་མ་དངོས་ཀྱི་འདུ་ཤེས་སྐྱེད་པ་སྟེ། འཇུ་མི་ཕམ་གྱིས«དཔའ་དགྲ་ལྷ་བྱས་ན་གེ་སར་ཡིན།།ཝེར་མ་བྱས་ཀྱང་གེ་སར་ཡིན།།ཕྱི་མའི་བླ་མ་གེ་སར་ཡིན།།འདི་གང་དཔོན་པོ་གེ་སར་ཡིན། །ཕྱི་དམག་དཔོན་ནོར་བུ་དགྲ་འདུལ་རྩག །ནང་ཡི་དམ་ཐུགས་རྗེ་ཆེན་པོ་ཡིན། །ཐུགས་མི་འགྱུར་པདྨ་འབྱུང་གནས་ཡིན།། »ཞེས་པ་དང་རྟག་པར«རིགས་གསུམ་པདྨའི་སྒྱུ་འཕྲུལ་སེང་ཆེན་རྗེ།»ཞེས་ལན་གཅིག་མ་ཡིན་པར་གསུངས་ཡོད་པ་དང་། གཞན་ཡང་ཁྲག་འཐུང་བདུད་འཇོམས་གླིང་བའི་གསུང་སྤྲུལ་དུ་གྲགས་པའི་རྫོང་གཏེར་ཀུན་བཟང་ཉི་མའི་ཐུགས་གཏེར«བཀའ་རྒྱ་གནད་ཀྱི་ལྡེ་མིག་གི་ཆོས་ཚན་གེ་སར་རྒྱལ་པོའི་དྲག་སྒྲུབ་གནམ་ལྕགས་ཐོག་ངར་ལས།«དཔའ་བོ་བདུད་དགྲ་འདུལ་མཛད་དགྲ་ལྷའི་རྗེ༔ སངས་རྒྱས་བསྟན་པའི་སྒོ་སྲུང་དམ་ཚིག་ཅན༔ »ཞེས་དང་།ཡང་དེ«རྔ་ཡབ་དཔལ་རི་མཁའ་འགྲོའི་གླིང༔བདེ་ཆེན་པདྨ་འོད་ཞིང་ནས༔རིགས་གསུམ་པདྨའི་སྒྱུ་འཕྲུལ་གར༔སེང་ཆེན་དགྲ་ལྟའི་དབང་ཕྱུག་ཆེ༔ »ཞེས་པ་སོགས་གེ་སར་ནི་དགྲ་ལྷ་ནས་ཆོས་སྐྱོང་སྲུང་མ་དང་མཐར་རིགས་གསུམ་ཀུན་འདུས་ཀྱི་ངོ་བོ་སློབ་དཔོན་པདྨའི་འཕྲིན་ལས་ཀྱི་ཕོ་ཉའམ་རྣམ་སྤྲུལ་ཡིན་པར་འདོད་པའི་ལྟ་གྲུབ་དངོས་སུ་བྱུང་བ་ཡིན་ལ། དེ་ནི་གེ་སར་དང་འབྲེལ་བའི་བླ་མའི་རྣལ་འབྱོར་གྱི་རྒྱབ་རྟེན་གཞུང་ལུགས་ཡིན། ཁྱད་པར་དུ་གླིང་སྒྲུང་རིག་གནས་མཁས་པ་བ། གེ་སར་ལྷ་རིས་སྒྱུ་རྩལ་པ་གྲགས་ཅན་ཨ་བུ་དཀར་ལོ་ལགས་ཀྱིས་མཛད་པའི «གེ་སར་རིག་གནས་ཞེས་པ་རུ«འཕགས་པ་འཇམ་དཔལ་གྱི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ་ལས་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ཚིགས་སུ་བཅད་པའི་སྐབས་སུ། ཤེས་རབ་རལ་གྲི་མདའ་གཞུ་ཐོགས། །ཉོན་མོངས་མི་ཤེས་གཡུལ་ངོ་སེལ། །དཔའ་བོ་བདུད་དགྲ་བདུད་འདུལ་བ། །བདུད་བཞིའི་འཇིགས་པ་སེལ་བར་བྱེད། ཅེས་གསུངས་པ་སྟེ། འདི་ནི་གླིང་གེ་སར་རྒྱལ་པོ་ལུང་བསྟན་པ་ཡིན་ཞེས་ཚད་མའི་སྐྱེས་བུ་མི་ཕམ་རིན་པོ་ཆེ་སོགས་དམ་པ་དུ་མའི་རྡོ་རྗེའི་གསུང་གིས་གཏན་ལ་ཕབ་ཟིན་པས་བདག་གིས་ཉོག་བཤད་ཀྱིས་དགོས་མཁོ་མེད་ཀྱང་།» ཞེས་པ་དང་།ཡང་འཇུ་མི་ཕམ་གྱིས«རིག་པ་འགྱུར་མེད་ཡེ་ཤེས་ཀྱི་སྐྱེས་བུ་ཆེན་པོའི་བླ་མའི་རྣལ་ལབྱོར་བྱིན་རླབས་མྱུར་འཇུག་ཅེས་པ་ལས།«ཨེ་མ་ཧོ།  མདུན་ནམ་མཁར་འཇའ་འོད་འཁྲིགས་པའི་གློང་།།ལྷ་རྩ་གསུམ་དགྲ་ལྷའི་སྤྲིན་ཕུང་ལག  །ཕ་སྐྱེས་མཆོག་ནོར་བུ་དགྲ་འདུལ་རྩལ།  །བྱིན་ཐིབས་སེ་དགྱེས་ཞལ་ངོམས་བཞིན་བཞུགས། །མགོན་རྒྱལ་བ་ཀུན་འདུས་ཐུགས་རྗེ་ཅན། །དཔལ་ཨོ་རྒྱན་ཆེན་པོའི་སྤྲུལ་པའི་སྐུ།  །རྗེ་རིགས་གསུམ་གཅིག་འདུས་སེང་ཆེན་རྒྱལ།  །བུ་མོས་གུས་གདུང་ཤུགས་བཟོད་མེད་ཀྱིས།  །ཕ་ཁྱོད་ལ་སྙིང་ནས་གསོལ་བ་འདེབས། །ཐུགས་འོད་གསལ་འཕོ་འགྱུར་མེད་པའི་ངང་། །བྱམས་སྙིང་རྗེའི་སྤྲིན་ཆེན་རྟག་ཏུ་ཁྲིགས། །ལས་སྨོན་ལམ་མཐུན་པའི་གདུལ་བྱ་ལ། །བྱིན་བཙན་ཐབས་འབེབས་པའི་ཐུགས་རྗེ་ཅན།།དཔའ་དགྲ་བླའི་སྐུ་ཆས་རེ་རེར་ཡང་། །ལྷ་རྩ་གསུམ་དཀྱིལ་ལཁོར་གྲངས་ལས་འདས། །དྲན་ཙམ་གྱིས་བྱིན་རླབས་དབང་ཆེན་ཐོབ། །ཡབ་དཔའ་བོའི་བྲོ་བརྡུངས་ཁྲབས་སེ་ཁྲབ། །ཡུམ་དཔའ་མོའི་གླུ་ལེན་ཤ་ར་ར། །རྟ་འདོ་རྗེའི་ཧེར་སྒྲ་ལྷངས་སེ་ལྷང་།།དཔའ་དགྲ་ལྷའི་བཞད་སྒྲ་ཆེམས་སེ་ཆེམ། །སེམས་མོས་དུང་ཅན་གྱི་སྐྱེ་བོ་ལ།  །དམ་མ་གཡེལ་མ་གཡེལ་བྱིན་གྱིས་རློབས། །ལུས་འདི་ལ་དགྲ་ལྷའི་དཔའ་རྫོང་ཆོས།  །ངག་འདི་ལ་འཕྲུལ་གསུང་དབང་ཞིག་སྐུར།  །སེམས་འདི་ལ་བདེ་སྟོང་རིག་རྩལ་སྤོར།   །རྗེ་ཁྱེད་དང་དབྱེར་མེད་འགྲུབ་པར་ཤོག  །བླ་མ་མཁྱེན།  ཞེས་ཅི་མང་དང་།  བླ་མ་སྐྱེས་མཆོག་ཡིད་བཞིན་ནོར་བུ་མཁྱེན།» ཞེས་གེ་སར་བླ་མ་དངོས་ཀྱི་འདུ་ཤེས་བསྐྱེད་ནས་མོས་གུས་གདུང་ཤུགས་དྲག་པོས་གསོལ་བ་འདེབས་ཤིང་བྱིན་རླབས་ཞུ་བ་འདི་བླ་མའི་རྣལ་ལབྱོར་གྱི་ཁྱད་ཆོས་གཅོ་བོ་ཡིན་པར་བརྗོད་ཅིང་།  འདི་ནི་གེ་སར་དད་མོས་ཡིག་ཆ་སྣ་ཆོགས་ལས་བྱུང་བའི་གེ་སར་ལྷ་གཤིས་འཕེལ་འགྱུར་ལ་བོད་བརྒྱུད་ནང་བསྟན་ལྷ་སྒྲུང་གི་རྣམ་སྤྲུལ་གཞུང་ལུགས་དང་མཐུན་པར་འགྲེལ་བརྗོད་བྱས་པའི་སྡོམ་ཚིག་ཡིན་པར་ངེས་སོ། 


རྩོམ་ཡིག་རྗེས་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1