ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་12ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་དམངས་ཁྲོད་དང་སྤྱི་ཚོགས་ཀྱིས་ཐུན་མོང་ཐོག་གོ་ལ་ཧྲིལ་པོའི་འཕེལ་རྒྱས་གྲོས་འགོ་དོན་འཁྱོལ་བྱེད་པའི་སྤེལ་རེས་ཚོགས་ཆེན་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།
ཞི་ཅིན་ཕིང་གིས་འཕེལ་རྒྱས་ནི་མིའི་རིགས་སྤྱི་ཚོགས་ཀྱི་མི་ཉམས་ཡུན་གནས་ཀྱི་བརྗོད་བྱ་གཙོ་བོ་ཡིན་ཞིང་། རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་འཕེལ་རྒྱས་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་མངོན་འགྱུར་ཡོང་བའི་རེ་སྒུག་ཆེན་པོ་བྱེད་བཞིན་ཡོད། མིག་སྔར་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་ལ་རྒྱུ་རྐྱེན་སྣ་ཚོགས་ཀྱི་ཤུགས་རྐྱེན་ཐེབས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་བྱེད་པར་འགོག་རྐྱེན་འཕྲད་ཡོད། དཀའ་ངལ་དང་འགྲན་སློང་གི་མདུན་དུ་ང་ཚོས་ཡིད་ཆེས་བརྟན་པོ་དང་ཕྱར་བ་གྲུ་འདེགས་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་རིམས་ནད་ལ་འགོག་རྒོལ་བྱེད་པ། སེམས་ཤུགས་གཅིག་སྒྲིལ་གྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་ཏན་ཏིག་བཅས་བྱས་ཚེ། རྒྱལ་ཁབ་ཁག་གི་མི་དམངས་གཞི་ནས་འཚོ་བ་ཡག་པོ་སྐྱེལ་ཐུབ་པ་དང་། མིའི་རིགས་ཀྱི་སྤྱི་ཚོགས་ལ་གཞི་ནས་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་ཐུབ་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐུན་མོང་གི་ངོས་འཛིན་ཆེན་པོ་རྒྱུན་ཆད་མེད་པར་གཅིག་ཏུ་བསྒྲིལ་ནས་འཕེལ་རྒྱས་ལ་ཕན་པའི་རྒྱལ་སྤྱིའི་ཁོར་ཡུག་ཧུར་ཐག་གཏོད་པ་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྐྱེད་སྲིང་ཧུར་ཐག་བྱས་ཏེ། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་རོགས་ཟླའི་འབྲེལ་བ་མཉམ་དུ་འཛུགས་དགོས། རྒྱལ་སྤྱིའི་དམངས་ཁྲོད་དང་སྤྱི་ཚོགས་ཀྱིས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དོན་འཁྱོལ་ཡོང་བར་དེ་བས་སྲ་ཞིང་བརྟན་པའི་དམངས་འདོད་ཀྱི་རྨང་གཞི་འདིང་རྒྱུ་དང་དེ་བས་ནུས་ལྡན་གྱི་དམངས་སེམས་ཀྱི་འདེགས་སྐྱོར་བྱ་རྒྱུ་ཡིན་པ་ང་ལ་ཡིད་ཆེས་ཡོད། ཀྲུང་གོ་ཕྱོགས་ཀྱིས་མཉམ་དུ་འབད་བརྩོན་བྱས་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་ལ་སྐུལ་འདེད་མྱུར་པོ་བཏང་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཐུན་མོང་ཐོག་གཏོད་པ་དང་དར་རྒྱས་གོང་འཕེལ་གྱི་དུས་རབས་གསར་པ་མཉམ་དུ་གཏོད་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་འདོད་ཡོད་ཅེས་གསུངས་པ་རེད།