༄༅།།སེང་ཆེན་རྒྱལ་པོའི་བླངས་པའི་གླུ་འདི་བཞེངས་སོ། །

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཧོར་གླིང་གཡུལ་འགྱེད་སྨད་ཆ་ལས་དྲངས། སྤེལ་དུས། 08-17


 

   མཆོག་གསུམ་དམ་པའི་ཞབས་ལ་འདུད། །

   དག་པའི་དབྱིངས་ནས་ཐུགས་རྗེས་གཟིགས། །

   དེ་རིང་ནོར་བུ་དགྲ་འདུལ་ངས། །

   དགའ་བའི་སྐྱིད་གླུ་དྲུག་འགྱུར་ལེན། །

   འདིར་འཚོགས་གླིང་གི་བསུ་མ་རྣམས། །

   མ་ཡེངས་དགའ་སྤྲོས་ཉན་པར་མཛོད། །

   ང་ཁྲ་བོ་གླིང་གི་ས་ཆ་ནས། །

   ཧོར་སེར་པོར་མ་ཐོན་ཚུན་ཆད་ལ། །

   ཧོར་གྱི་སྒོ་སྲུང་བཅུ་གཉིས་གཏོར། །

   དངོས་ཡོད་དངོས་མེད་མང་པོ་བཏུལ། །

   སེར་པོ་ཧོར་ལ་ཐོན་པ་ན། །

   དཀོན་མཆོག་གསུམ་ལ་གསོལ་འདེབས་དང་། །

   དགྲ་ལྷ་རྣམས་ལ་གྲོགས་ཞུས་ནས། །

   ཐེངས་རེ་བླ་མའི་ཆས་ལ་ཞུགས། །

   ཧོར་སེར་རྣམས་ལ་དམུ་གབ་ཕབ། །

   ཐེངས་རེ་སྒར་བ་མང་པོར་སྤྲུལ། །

   དགྲ་ལ་མགོ་བསྐོར་ཅི་ཐུབ་བྱས། །

   བར་དུ་ཐབས་དང་རྫུ་འཕྲུལ་གྱིས། །

   ཤན་པ་པཱ་ཐུར་མང་པོ་བཏུལ། །

   ཁྱི་ནག་གུར་དཀར་ཆམ་ལ་ཕབ། །

   ཐ་མ་ཡ་རྩེ་མཁར་སྟེང་དུ། །

   དེ་ནས་སྟོབས་ཆེན་མདའ་ཡིས་གཟིར། །

   ཐང་རྩེ་ཤན་པའི་མགོ་འཛུལ་བླངས། །

   སྙོམས་ཆུང་སྡེ་འབངས་ཚེ་ཐར་བཏང་། །

   དབུ་ནག་འདུག་ཆོས་བདེ་སྐྱིད་བཀོད། །

   གུར་དཀར་ནོར་གྱི་བང་མཛོད་ནས། །

   ཟངས་དཀར་འོ་མ་བཅུད་འཛིན་བླངས། །

   ནོར་གཡང་མ་ཉམས་ལོན་རྟགས་ལ། །

   འོ་མའི་ཞུན་ཁུ་ཙེར་རེ་ཡོད། །

   རྟགས་བརྒྱད་རི་མོ་ཁྲིགས་སེ་ཡོད། །

   ལོང་བཞི་ཨ་ལོང་ཁྲིགས་སེ་ཡོད། །

   ད་རུང་དེ་བས་མི་ཚད་པའི། །

   ཧོར་ཟོག་ལང་མ་ལིང་དགུ་ལ། །

   ཟད་མེད་དུང་གི་འོ་མ་ཡོད། །

   ཐེལ་མོའི་དུང་ཤོ་སྤུན་གསུམ་ཡོད། །

   ཕྱིང་དཀར་ནམ་མཁའ་ཐོག་ཐུབ་ཡོད། །

   ཕྱིང་སྔོན་སྔོན་མོ་ཆུ་ཁེབ་ཡོད། །

   རལ་གྲི་དམར་མོ་འདེབས་ཤེས་ཡོད། །

   ཕུང་སྟག་བཏུལ་བའི་ལྤགས་པ་ཡོད། །

   ཡང་ཟོག་སྲིད་པའི་རབ་དགུ་ལ། །

   བླ་ཟངས་ཁྲོ་ཡི་སྤར་བུ་ཡོད། །

   གནམ་ལྕགས་ཞུན་མའི་གོ་ཁྲབ་ཡོད། །

   བླ་ལྕགས་ཨ་ལོང་ཁྲིགས་སེ་ཡོད། །

   དྲུག་དཀར་འོ་མ་ཞུན་ཐིས་ཡོད། །

   ཧོར་ཐོག་དངུལ་གྱི་པ་ཏྲ་ཡོད། །

   ལག་གོས་མེ་ཏོག་བཅུད་ལེན་ཡོད། །

   གསེར་གྱི་སྦལ་བ་ཆ་གསུམ་ཡོད། །

   གསེར་འཕྲུ་ཉི་མ་ཁྲི་བརྩེགས་ཡོད། །

   དེ་དག་གླིང་དཀར་ནོམ་ལ་བླངས། །

   ཚོ་དྲུག་གླིང་དཀར་རྒྱན་ལ་མཛེས། །

   སྤང་སྐོར་རིང་མོའི་ཡང་གོང་ནས། །

   དགའ་སྐྱིད་འཛོམ་པའི་ལ་ཁ་ལ། །

   ཕུ་ནུ་བསུ་བ་ཡོང་བས་དགའ། །

   སེང་ཆེན་བྱེས་དོན་གྲུབ་པས་སྐྱིད། །

   དེ་ནས་གླིང་གི་ཕུ་ནུ་ཚོས། །

   དགའ་བའི་རྟགས་ལ་དཔའ་དར་བརྟེན། །

   སྐྱིད་པའི་རྟགས་ལ་གླུ་ཆུང་བླངས། །

   གཞིས་བྱེས་གཉིས་འཛོམ་ཉམས་རེ་དགའ། །

   ཞེས་གསུངས་ནས་གླུ་དེ་ལྟར་བླངས་སོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1