བབ་བསྟུན་ཐོན་ལས་བཀོད་སྒྲིག་གིས།། ཁྱད་ལྡན་གྲོང་གསེབ་སྐྲུན་པར་བྱ།།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བའི་གསར་འགྱུར་དྲ་བ། སྤེལ་དུས། 08-17



རྔ་ཁུལ་གྱིས་“དཔེ་སྟོན་ཁུལ་འཛུགས་པར”བརྟེན་ནས་གྲོང་གསེབ་དར་རྒྱས་གཏོང་བར་སྐུལ་འདེད་བཏང་ཚུལ་བཀོད་པ། 


           རྔ་བའི་གསར་འགྱུར་དྲ་བའི་འཕྲིན། འབར་ཁམས་གྲོང་ཁྱེར་ནས་ལམ་ལ་ཆས་ཏེ་སྤྱི་ལེ་20ལྷག་བསྐྱོད་རྗེས། རྫོང་འགག་གྲོང་རྡལ་རྡོ་གཡུ་གྲོང་སྡེར་འབྱོར། གནས་འདིའི་ཁོ་ར་ཁོར་ཡུག་ཐམས་ཅད་མེ་ཏོག་ཉི་དགའ་ཡིས་རབ་ཏུ་བརྒྱན་ཞིང་། གྲལ་སྟར་འགྲིག་པའི་བོད་ལུགས་སྡོད་ཁང་སྔར་ལས་མཛེས་པར་མངོན།


           རྡོ་གཡུ་གྲོང་སྡེའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཚེ་རིང་དོན་གྲུབ་ཀྱིས། ད་སྐབས་ནི་མེ་ཏོག་ཉི་དགའ་བཞད་དུས་ཡིན་ལ་དེ་རིང་ཡང་གཟའ་མཇུག་ཡིན་པས་ལྗོངས་རྒྱུ་བ་སྔར་བས་མང་བོ་འདུག་ཅེས་བཤད་པ་དང་། ཁོས་ད་དུང་གནས་འདི་ནས་མེ་ཏོག་ལ་ལྟ་ཆོག་པ་དང་བསིལ་གྲིབ་ཀྱི་བདེ་བར་རོལ་ནུས་པས་ཟླ་བདུན་པར་རྡོ་གཡུ་གྲོང་སྡེར་སྤྲོ་གསེང་དུ་ཡོང་མཁན་མི་ཐེངས་ཁྲི་2ལས་བརྒལ་བ་དང་། གྲོང་སྡེའི་ནང་གི་ཞིང་ཁྱིམ་སྤྲོ་གསེང་ཁང་ཉིན་10ལྷག་གཉེར་བར་ཡོང་འབབ་སྒོར་ཁྲི་20ཙམ་ཡོང་གི་ཡོད་ཅེས་བཤད།


           ཤར་ནུབ་མཉམ་ལས་དང་ཞིང་ཆེན་ནང་ཁུལ་གྱི་རིགས་མཐུན་རོགས་སྐྱོར་གྱི་མ་དངུལ་ལ་བརྟེན་ནས། འབར་ཁམས་གྲོང་ཁྱེར་དང་ཀྲེ་ཅང་ཞིང་ཆེན་ཕིང་དབྱང་རྫོང་། ཁྲེང་ཏུའུ་ཁྲུང་ཀྲོའུ་གྲོང་ཁྱེར་བར་ཕྱོགས་གསུམ་མཉམ་སྐྲུན་གྱི་ལམ་སྲོལ་བཙུགས་ཏེ། སྤྱི་གླིང་དང་གྲོང་གསེབ་ཀྱི་འདུ་ཤེས་ལ་དཔེ་བལྟས་ནས་གྲོང་གསེབ་འཕེལ་རྒྱས་ཀྱི་འཆར་འགོད་བཟོས། རྡོ་གཡུ་གྲོང་སྡེས་ས་ཞིང་མུའུ་300ལྷག་ཏུ་མེ་ཏོག་ཉི་དགའ་བཏབ་པ་དང་། མེ་ཏོག་གི་བོད་སྡེ་ཞེས་པའི་གྲོང་གསེབ་དར་རྒྱས་གཏོང་བའི་དཔེ་སྟོན་ས་ཚིགས་ཤིག་ནུས་ཤུགས་ཡོད་རྒུས་བཏོད་ཡོད།


           རྣམ་གྲངས་དེར་མ་དངུལ་སྒོར་ཁྲི་600ཙམ་བཏང་ནས་མེ་ཏོག་ཞིང་ཁའི་མཛེས་ལྗོངས་དང་འབྲེལ་ཡོད་མ་ལག་ཆ་ཚང་བསྐྲུན་ཟིན་ཞིང་། སྔོན་དཔག་བྱས་ན་ཟླ་བརྒྱད་པའི་ཟླ་མཇུག་ཏུ་ལས་མཇུག་འགྲིལ་རྒྱུ་རེད་ཅེས་འབར་ཁམས་གྲོང་ཁྱེར་འཕེལ་སྒྱུར་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀྲུང་དབྱང་གིས་བཤད་པ་དང་། མ་འོངས་པར་ད་དུང་གྲོང་གསེབ་ཀྱི་དམངས་སྲོལ་མགྲོན་ཁང་དང་སྦྲང་མ་གསོ་སྤེལ་སོགས་གྲོང་གསེབ་ཀྱི་ལྗོངས་སྐོར་རྣམ་གྲངས་ཆ་ཚང་བསྐྲུན་ནས་རྡོ་གཡུ་གྲོང་སྡེ་རུ་བོད་ཀྱི་འཚོ་བ་དངོས་ལ་མྱོང་རོལ་ཐུབ་པར་བྱ་རྒྱུ་རེད་ཅེས་བཤད།


           རྡོ་གཡུ་གྲོང་སྡེ་ནི་རྔ་བ་ཁུལ་གྱིས་དཔེ་སྟོན་ཁུལ་གཙོ་གནད་ཀྱིས་བཏོད་པའི་གྲོང་གསེབ་དར་རྒྱས་གཏོང་བའི་དཔེ་སྟོན་ས་ཚིགས་ཀྱི་གྲས་ཤིག་ཡིན། ད་ལོའི་ལོ་མགོར་རྔ་ཁུལ་གྱིས་《རྔ་བ་ཁུལ་གྱི་ཁྱིམ་གཞིས་གསུམ་འཛུགས་སྐྲུན་གྱི་ལག་བསྟར་ཇུས་གཞི》བཏོན་ཏེ་སྐྱེ་ཁམས་མཛེས་སྡུག་ལྡན་ཞིང་། ཞི་མཐུན་བདེ་སྐྱིད་ཡོང་བ། ཕྱུག་འགྱུར་འབྱོར་འབྲིང་གི་ཁྱིམ་གཞིས་གསུམ་གྱི་གྲོང་གསེབ་ཁག་གཅིག་བསྐྲུན་ནས་དབུལ་བྲལ་གནད་སྒྲོལ་གྱི་གྲུབ་འབྲས་བརྟན་འགྱུར་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ། རྔ་བ་ཁུལ་གྱིས་གྲོང་གསེབ་དར་རྒྱས་གཏོང་བའི་དཔེ་སྟོན་ལས་དོན་གྱི་ཆེད་དོན་ཚོགས་འདུ་འཚོགས་ནས། དཔེ་སྟོན་དམ་འཛིན་དང་། འབྲེལ་གཏུག་མཉམ་འབྲེལ། ཡུག་ཁུལ་སྐུལ་འདེད་བཅས་ཀྱི་བླང་བྱ་ལྟར་འདྲ་བཟོ་ཆོག་པ་དང་། དཔྱད་གཞིར་འཛིན་ཆོག་པ། ཁྱབ་གདལ་གཏོང་ཆོག་པ་བཅས་ཀྱི་གྲོང་གསེབ་དར་རྒྱས་གཏོང་བའི་ཁྱིམ་གཞིས་གསུམ་འཛུགས་སྐྲུན་གྱི་ཉམས་མྱོང་དང་བྱེད་ཐབས་འཚོལ་ཞིབ་བྱེད་དགོས་ཞེས་ཁ་གསལ་བོར་བཏོན་ཡོད། ཐོན་ལས་གླིང་འཛུགས་སྐྲུན་བྱེད་པ་དང་དཔེ་སྟོན་གྲོང་གསེབ་གཏོད་པ། གྲོང་གསེབ་ཀྱི་ཤེས་ལྡན་པ་གསོ་སྐྱོང་བཅས་གཙོ་བོར་བཟུང་སྟེ་2025ལོར་སླེབས་སྐབས་ཞིང་ཆེན་རིམ་པ་ཡན་གྱི་དེང་རབས་རོང་འབྲོག་ཐོན་ལས་གླིང་10གཏོད་རྒྱུར་བརྩོན་ལེན་བྱས་ནས་གྲོང་གསེབ་ཀྱི་ཐོན་ལས་དང་ལག་རྩལ། དོ་དམ་སོགས་ཀྱི་ཤེས་ལྡན་པ་1000དང་། གྲོང་གསེབ་དར་རྒྱས་གཏོང་བའི་དཔེ་སྟོན་གྲོང་སྡེ(གྲོང་རྡལ)100གཏོད་རྒྱུ་རེད།


           སྲེའུ་མངར་དང་མཐོ་སྒང་གི་སྔོ་ཚལ། ནོར་ལུག་སོགས་ཁྱད་ལྡན་ལེགས་ཆར་དམིགས་ཏེ་རྔ་བ་ཁུལ་གྱིས་མིག་སྔར་དེང་རབས་ཞིང་ལས་གླིང་48སྐྱེད་སྲིང་དང་གསོ་སྦྱོང་བྱས་ཡོད། དེ་ལས་ཞིང་ཆེན་དང་ཁུལ་རིམ་པའི་ཐོན་ལས་གླིང་26ཡོད་པ་དང་། རོང་འབྲོག་མང་ཚོགས་ཁྲི་16ལྷག་ལ་ཡོང་འབབ་འཕར་བ་བྱས། ཁུལ་གྲོང་གསེབ་དར་རྒྱས་ཅུས་ཀྱི་ཅུས་ཀྲང་ཕེང་ཁའེ་ཅན་གྱིས་ངོ་སྤྲད་པ་ལྟར་ན། རྔ་བ་ཁུལ་གྱིས་ད་ལོར་མ་དངུལ་སྒོར་དུང་ཕྱུར་5.4བཏང་ནས་གྲོང་སྡེ(གྲོང་རྡལ)15དང་། དཔེ་སྟོན་གྲོང་སྡེ་83གྱི་འཛུགས་སྐྲུན་དང་། རྣམ་གྲངས་188ལག་བསྟར་བྱེག་རྩིས་ཡོད། དེ་ལས་གུད་ཚབ་ལས་སྤྲོད་ཀྱི་རྣམ་གྲངས་24ཡོད་པས་གྲོང་གསེབ་དར་རྒྱས་ཀྱི་དཔེ་སྟོན་ས་ཚིགས་ཁག་གཅིག་ཁག་བགོས་ངང་གཏོད་རྒྱུ་རེད་ཅེས་བཤད།


 དཔེ་སྟོན་ལ་དམ་འཛིན་བྱ་རྒྱུ་ནི་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་གྲོང་གསེབ་དར་རྒྱས་གཏོང་བར་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཡིན་པ་དང་། ལྷག་པར་དུ་ཐོན་ལས་འཕེལ་རྒྱས་ཀྱི་སྲོག་ཤིང་མངོན་གསལ་དོད་པོ་ཡོང་བ་བྱས་ནས་ཡུལ་བབ་དང་བསྟུན་ནས་ཐོན་ལས་བཀོད་སྒྲིག་བྱེད་དགོས་ལ་ཁྱད་ལྡན་གྲོང་གསེབ་འཛུགས་སྐྲུན་ལ་ཡང་སྣང་ཆེན་བྱ་དགོས་པ་དང་། བློ་གྲོས་ཀྱི་སྟོབས་ཤུགས་སྣ་ཚོགས་ལ་བརྟེན་ནས་མང་ཚོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ཤིག་སྐྲུན་པར་འབད་འཆར་ཡོད་ཅེས་རྔ་བ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཝུའུ་ལི་ཡན་གྱིས་བཤད།


           དཔེ་སྟོན་ས་ཚིགས་ཀྱི་གྲས་ཤིག་ཡིན་པའི་རྡོ་གཡུ་གྲོང་སྡེར་བསམ་གཞིག་གསར་བ་ཞིག་ཡོད། འབར་ཁམས་གྲོང་ཁྱེར་རྫོང་འགག་གྲོང་རྡལ་ཏང་ཨུའི་ཧྲུའུ་ཅི་ཀྲུའུ་ཞུའེ་ཕུང་གིས་རྡོ་གཡུ་གྲོང་སྡེར་མེ་ཏོག་གི་ཉི་དགའི་ཡོང་འབབ་བླངས་རྗེས། ས་ཁུལ་གྱི་ཁྱད་ལྡན་ཤ་མོ་བེ་ཤ་བཏབ་ནས་རྒྱལ་རོང་གི་ཟས་མཆོག་ཅེས་པའི་སྤུས་རྟགས་གསར་སྤེལ་བྱས་པ་དང་ཆབས་ཅིག སྒར་ས་དང་ཤ་སྲེག དེ་མིན་རོལ་རྩེད་ཁང་བཅས་གསར་དུ་བསྐྲུན་ནས་ལས་རྣམ་གསར་བ་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་བཏང་སྟེ་ལྗོངས་རྒྱུ་བ་སྔར་བས་མང་བ་གནས་ཐུབ་པར་བྱ་དགོས་ཞེས་བཤད་དོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1