2022ལོའི་འཛམ་ཐང་རྫོང་གི་རྟ་རྒྱུག་འགྲན་ཚོགས་མགོ་བརྩམས།

ཚེ་རིང་ལྷ་མོ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་སྒྲ། སྤེལ་དུས། 08-18


 


       ཟླ་8ཚེས13ཉིན། 2022ལོའི་ཛམ་བྷ་ལའི་རིག་ལྗོངས་བྱེད་སྒོའི་རྟ་རྒྱུག་འགྲན་ཚོགས་ཆེན་མོ་འཛམ་ཐང་རྫོང་གི་ན་མདའ་ནོར་བུའི་ཐང་དུ་སྤེལ། 

 

       ཡུལ་ལྷ་གཞི་བདག་ལ་ལྷ་བསང་གཏོང་བ་དང་། ངོ་མཚར་ཆེ་བའི་སྐྱ་རྩལ་འཁྲབ་སྟོན། དགའ་བདེའི་སྣང་བས་ཕྱུག་པའི་གླུ་དང་རོལ་མོའི་ཁྲོད་ནས་ཉིན་ལྔ་རིང་གི་རྟ་རྒྱུག་འགྲན་ཚོགས་ཆེན་མོ་དངོས་སུ་མགོ་ཚུགས།


 

       ཉིན་དེར་ཞིང་འབྲོག་མི་དམངས་ཀྱིས་ལུས་ལ་མཛེས་པའི་རྒྱན་གོན་ཞིང་ལག་ལ་བཅུད་ལྡན་ཟས་མཆོག་ཐོགས་ནས། ཕྱོགས་བཞི་མཚམས་བརྒྱད་ནས་གནས་འདི་རུ་འཛོམས་ཏེ། གཡུ་ཡི་སྤང་ལྗོངས་ལ་དངུལ་གྱི་ཕྲ་བཏབ་པ་ལྟར་དུ་སྦྲ་གུར་ཕུབ་ཅིང་གཟབ་རྒྱས་ཆེ་བའི་རིག་གནས་དུས་སྟོན་འདི་ལ་མཉམ་རོལ་བྱས།


 


       རྒྱུས་ལོན་པ་ལྟར་ན། ཚེས་15ནས་བཟུང་། འཛམ་ཐང་དང་རྔ་བ། མཛོད་དགེ། ཧུང་ཡོན། གསེར་རྟ། བྲག་འགོ། པད་མ་སོགས་མཐའ་འཁོར་གྱི་རྫོང་ནས་ཡོང་བའི་རྒྱུག་རྟ་485དང་རྟ་རྩལ་པ་285ཡིས་སྨི་1000དང་། སྨི་2000། སྨི་3000། སྨི་10000བཅས་ཀྱི་འགྲན་བསྡུར་སྤེལ་བཞིན་འདུག

 


       ཐེངས་འདིའི་རྟ་རྒྱུག་འགྲན་ཚོགས་ནི་འཛམ་ཐང་རྫོང་གི་2022ལོའི་ཛམ་བྷ་ལའི་རིག་ལྗོངས་བྱེད་སྒོའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། སི་ཁྲོན་ནུབ་བྱང་གི་གྲངས་ཉུང་མི་རིགས་ས་ཁུལ་གྱི་གཞི་རྒྱ་ཆེ་བའི་ལུས་རྩལ་འགྲན་ཚོགས་ཤིག་དང་ཐུན་མིན་ཁྱད་ཆོས་ལྡན་པའི་མི་རིགས་རིག་གནས་ཀྱི་རྟགས་མ་ཞིག་ཡིན། ཉིན་ལྔ་རིང་གི་རྟ་རྒྱུག་འགྲན་ཚོགས་ཀྱིས་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་རིག་གནས་ལ་སྔར་ལས་ལྷག་པར་རྒྱུད་འཛིན་དང་གོང་འཕེལ་བཏང་སྟེ། འབྲོག་ཁུལ་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། ཕྱི་ཕྱོགས་སུ་དམངས་ཁྲོད་རིག་གནས་བརྗེ་རེས་བྱེད་པའི་ལམ་བུ་རྒྱ་བསྐྱེད་དང་། འཛམ་ཐང་རྫོང་དང་མཐའ་འཁོར་གྱི་རྫོང་དག་གི་འཆམ་མཐུན་མཉམ་གནས་དང་། མཐུན་སྒྲིལ་ཡར་རྒྱས་ལ་སྐུལ་འདེད་གཏོང་བ། འཛམ་ཐང་རྫོང་གི་ཐུན་མིན་རིག་གནས་ཀྱི་སྒེག་ཉམས་ལེགས་པར་མངོན་པ་ལ་དོན་སྙིང་གལ་ཆེན་ལྡན། 

  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1