ཐོག་མར་གྲི་གུམ་ལ་སྲས་ཅི་ཙམ་ཡོད་པ་དང་། འབངས་ལོ་ངམ་གྱིས་རྒྱལ་ས་ལོ་ག་དུས་བཟུང་བ་དང་། གྲི་རྒྱལ་ལོ་ངམ་གྱི་གྲི་གུམ་བཙན་པོ་སྐུ་བཀྲོངས་པའི་ཅི་ཞིག་གི་ཆེད་ཡིན་པའི་སྐོར་སོགས་ལ་རགས་ཙམ་དཔྱད་ན། དེའང་བོན་གྱི་ལོ་རྒྱུས་མང་པོ་ཕྱོགས་གཅིག་ཏུ་བསྡུས་པའི་དཔེ་གཞུང་བསྟན་པའི་རྣམ་བཤད་དར་རྒྱས་གསལ་སྒྲོན་ལས། སྲས་སྤུ་དེ་དང་ཉ་ཁྲི་གཉིས་དྭགས་རྐོང་གཉིས་སུ་སྤྱུགས། བློན་པོ་དྲག་པ་བསད། ཞན་པ་སྤྱུགས། བཙུན་མོ་ལུག་རྫ་(རྫི)ལ་བཅུག སྲས་མོ་ལྷ་ལྕམ་ཁབས(ཁབ་ཏུ)བླངས་ནས། རྒྱལ་ས་ལོ་བཅུ་གསུམ་ཁམས་བཟུང་ངོ་། ལྷོ་ཕྲག་གི་ལོ་ངམ་རྟ་རྫི་འཕྲིན་རྫོང་ཞེས་པ་སོགས་སུ་དཔྱད་ན། སྐབས་དེར་སྲས་གཉིས་དྭགས་པོ་དང་རྐོང་པོའི་ཡུལ་དུ་སྤྱུགས་པ་དང་། བཙུན་མོ་བྲན་དུ་བཀོལ་ཏེ་རྟ་རྫིར་བཅུག བཙན་པོའི་སྒོ་ནས་སྲས་མོ་ཁབ་ཏུ་བཞེས། བློན་པོ་དྲག་པ་ཐམས་ཅད་བསད། ཞན་པ་ཐམས་ཅད་ས་མཐར་སྤྱུགས་པ་སོགས་འཐབ་རྩོད་ཛ་དྲག་ཅན་ཞིག་བྱུང་མྱ༠ང་བར་སྨོས་མ་དགོས། གྲི་རྒྱལ་ལོ་ངམ་ཞེས་པ་དེ་ནི་ལྷོ་བྲག་ཕྱོགས་ཀྱི་རྒྱལ་ཕྲན་ཞིག་ཡིན་པར་མ་ཟད། རྒྱལ་ཕྲན་ནང་ནས་ཀྱང་སྟོབས་ཆེ་ཤོས་ཤིག་ཡིན་པའང་རྟོགས་ཐུབ། དེའང་བོན་ཀྱི་བསྟན་འབྱུང་ལེགས་བཤད་རིན་པོ་ཆེའི་མཛོད་ལས། ལྷོ་བྲག་གི་ལོ་ངམ་ན་རེ། ཁྱོད་སྤྱི་ཕུད་ཀྱི་རྒྱལ་པོ་ཡིན། བདག་རྒྱལ་ཕྲན་བཅུ་གཉིས་ཀྱི་ཡ་བ་ཡིན། རྒྱལ་འབངས་འཁྲུགས་པ་ག་ལ་འོས། རྗེའི་འཐབ་ཟླ་བདག་གིས་མི་འོང་བས་བཀའ་དེ་མི་གསུང་བར་ཞུ་བྱས་ཀྱང་མ་གསན་ཏེ། ཁྱོད་རང་དམག་གྱིས་ལ་ཤོག མི་འོང་ན་བདག་གིས་དམག་བྱ་ཁྱོད་འཁོར་བཅས་མྱུར་དུ་བརླགས་པར་གསུངས། ཞེས་པ་ལྟར་འབངས་ལོ་ངམ་ཞེས་པ་དེའང་རྒྱལ་ཕྲན་བཅུ་གཉིས་ལས་ལྷོ་བྲག་གི་རྒྱལ་ཕྲན་ཡིན་པར་མ་ཟད་གྲི་གུམ་བཙན་པོའི་བློན་པོ་ཡིན་པའང་གསལ་བོ་བསྟན་ཡོད། སྐབས་དེར་གྲི་གུམ་བཙན་པོས་བཙན་དབང་སྒོས་ཁོ་ལ་འཐབ་ཏུ་བཅུག་པས། ཁོ་ཐབས་ཟད་དེ་གཡོ་ཐབས་སྒོས་རྒྱལ་པོར་འཐབ་པས་རྒྱལ་པོ་བཀྲོང་བར་ངེས། འོན་ཀྱང་བློ་བཟང་ཆོས་འཕེལ་ལགས་ཀྱི་དཔྱད་རྩོམ་གྲི་གུམ་བཙན་པོ་བཀྲོངས་པའི་ཚུལ་ལ་དཔྱད་པ་ཞེས་པ་ལས། བོད་ཀྱི་ལོ་རྒྱུས་ལ་ལར། བློན་པོ་ལོ་ངམ་རྟ་རྫི་ཞེས་གསུངས་ཏེ། ལོ་ངམ་རྟ་རྫི་ནི་གྲི་གུམ་བཙན་པོའི་བློན་པོ་ཡིན་པར་བསྟན་ཀྱང་ཅུང་ཟད་མི་འགྲིག་སྙམ་པའི་དོགས་པ་ཡོད། བོད་ཀྱི་རྒྱལ་པོ་སྔ་ཕྱི་གང་གི་སྐབས་སུའང་རྟ་རྫི་ཡིན་ན་རྒྱལ་པོའི་བློན་པོ་ཡིན་པས་གནད་ལོ་རྒྱུས་ཀུན་ནས་མ་བྱུང་ཞིང་། མཁས་པ་སུས་ཀྱང་མ་གསུངས་སོ། །ཡང་ན་རྟ་རྫི་ཞེས་པའི་བློན་པོའི་གོ་གནས་ཡིན་ཞེས་གསུངས་ཚིག་ཀྱང་མ་མཐོང་ངོ་ཞེས་པ་དེ་ནི་རྒྱུ་མཚན་དང་ལྡན་པའི་དཔྱད་རྩོམ་དུ་མི་བསམ་ཏེ། སྤྱིར་ལོ་ངམ་ལ་རྟ་རྫིའི་ཐ་སྙད་ཡོད་པ་ཙམ་གྱིས་བློན་པོའི་གོ་གནས་སུ་རྟ་རྫི་ཡོད་པ་དང་། རྟ་རྫི་ཡིན་ན་བློན་པོ་ཡིན་དགོས་པའི་རྒྱུ་མཚན་ཅི་ཞིག་ཀྱང་མ་རེད། ལོ་ངམ་ཞེས་པ་ནི་ལྷོ་བྲག་གི་རྒྱལ་ཕྲན་ཞིག་ཡིན་པ་དང་། གྲི་གུམ་གྱི་བློན་པོ་ཡིན་པར་གསལ་བོར་བསྟན་ཡོད་པར་གོང་ཞུས་ལྟར་ལགས། འོ་ན་ལོ་ངམ་ལ་རྟ་རྫི་ཞེས་འབོད་དོན་ཅི་ཞེ་ན། དེ་ནི་ཡ་མཚན་རྒྱུ་ཅང་མེད་དེ། དཔེར་ན་བོད་རྒྱལ་སྲོང་བཙན་སྒམ་པོའི་བློན་པོ་མགར་སྟོང་བཙན་ནམ་མགར་དམ་པ་ཞེས་བློན་ཆེན་ཁོང་ལ་མགར་གྱི་ཐ་སྙད་ཡོད་ཀྱང་མགར་བ་ཡིན་མི་དགོས་ཏེ། རུས་བརྒྱུད་མགར་ལས་བྱུང་བའི་དེ་སྐད་གྲགས་པས་སོ། །
དེ་བཞིན་ལེགས་བཤད་རིན་པོ་ཆེའི་མཛོད་ལས། ཤར་རྒྱ་ཕག་ཚང་གི་ལོ་རྒྱུས་བཤད་སྐབས། ཚང་པ་ཕ་བུ་གཉིས་ཡོད། ཕས་བུ་ལ་ཤི་ཁར་ཁ་ཆེམས་སུ། ང་ཤི་ན་རུས་པ་ཕག་ཚང་དུ་བླུགས་ན་མི་བརྒྱུད་འཕེལ་ཞིང་རྒྱལ་སྲིད་རྒྱས་ཞེས་པ་དང་། དེ་ལྟར་བྱས་པས་རྒྱལ་རབས་བྱུང་བ་ལ་ཤར་རྒྱ་ཕག་ཚང་གི་རྒྱལ་རབས་ཞེས་བརྗོད་པ་ལྟ་བུ་དང་། གཞན་ཡང་བློན་པོ་ལ་རྟ་རྫིའི་མཚན་སྦྱར་མི་ཆོག་པའི་རྒྱུ་མཚན་བཤད་དུ་མེད་དེ། དཔེར་ན། དར་མ་འུ་དུམ་བཙན་པོ་ལ་གླང་དར་མ་ཞེས་འབོད་ཀྱང་མགོ་ལ་གླང་ར་སྐྱེ་དགོས་པའི་རྒྱུ་མཚན་ཅི་ཡང་མེད། དེའང་རྒྱལ་ཕྲན་ནམ་བློན་པོ་ཞིག་མིན་ན་རྒྱལ་པོའི་ངོ་ཡ་ཡང་བྱེད་མི་ཕོད་པ་དང་། གལ་ཏེ་ཐབས་ཀྱི་སྒོ་ནས་བཀྲོངས་པའི་དབང་དུ་བྱས་ཀྱང་། ད་དུང་མུ་མཐུད་དུ། བློན་པོ་དྲག་པ་ཐམས་ཅད་བསད། ཞན་པ་ཐམས་ཅད་སྤྱུགས། བཙུན་མོ་ལ་རྟ་རྫི་བཅོལ། སྲས་ས་མཐར་སྤྱུགས། སྲས་མོ་ཁབ་ཏུ་འཕྲོག རྒྱལ་ས་ལོ་བཅུ་གསུམ་བཟུང་བ་སོགས་ནི་བློན་པོའམ་རྒྱལ་ཕྲན་ཡིན་པའི་གཏན་ཚིགས་དངོས་ཡིན་ཏེ། གལ་ཏེ་བློན་པོའམ་རྒྱལ་ཕྲན་ཞིག་མིན་ན་དེ་ལྟར་རྒྱལ་པོ་བསད་ནས་ད་དུང་མུ་མཐུད་དུ་དབང་བསྒྱུར་ཐུབ་མ་རེད། དེས་ན་བོད་རྒྱལ་གཉའ་ཁྲིའི་སྐབས་ནས་བོད་རྒྱལ་ཕྲན་བཅུ་གཉིས་ཀྱི་རིག་གནས་དང་ཆབ་སྲིད་མ་ལུས་གཅིག་གྱུར་བྱས་ཟིན་ཀྱང་། རྒྱལ་ཕྲན་འགའ་རེས་ད་དུང་མངོན་ལྐོག་གཉིས་སྒོ་ནས་བོད་བཙན་པོའི་སྲིད་དབང་ལ་ངོ་རྒོལ་བྱེད་བཞིན་ཡོད་པ་ནི་མ་སྦས་རང་བྱུང་དུ་རྡོལ་ཡོད་པ་དང་། ཁྱད་པར་དུ་སྲས་གཉིས་དྭགས་རྐོང་ཡུལ་དུ་སྤྱུགས་ཅེས་པར་དཔྱད་ན་དྭགས་པོ་དང་རྐོང་པོ་སོགས་རྒྱལ་ཕྲན་འགའ་རེ་སྐབས་དེར་ད་དུང་བོད་བཙན་པོའི་མངའ་ཁོངས་སུ་ཡོད་དམ་མེད་བསམ་བློ་གཏོང་དགོས། འོན་ཀྱང་ཏུན་ཧོང་བོད་ཀྱི་ལོ་རྒྱུས་ཡིག་རྙིང་ལས། སྲས་གཉིས་ཀྱང་བྱ་ཁྲི་དང་ཉ་ཁྲིར་བཏགས་ཏེ་རྐོང་ཡུལ་དུ་སྤྱུགས་ཏེ་བགྱིའོ། །ཞེས་གཉིས་ཀ་རྐོང་ཡུལ་དུ་ཕུད་པར་བཤད་པ་དང་། ཡང་བཀའ་ཆེམས་ཀ་ཁོལ་མ་ལེའུ་ལྔ་པ་རིགས་བརྒྱུད་བཤད་པའི་སྐབས། རྒྱལ་པོ་གྲི་གུམ་བཙན་པོ་ལ་སྲས་ཕུ་བོ་གསུམ། ཁོ་རང་གྲོངས་ནས་སྐྱེས་པའི་བླའུ(ལྕམ)ཅིག་དང་བཞི་ཡོད་པའི་ལོ་རྒྱུས་ནི། སྲས་གསུམ་ནི་ཤ་ཁྲི། ཉ་ཁྲི། བྱ་ཁྲི་གསུམ་ཡིན་པ་ལ་ཁོ་གསུམ་ག་སྤྱུགས་པ་ནི། ཕུ་བོ་ཤ་ཁྲི་རྐོང་ཡུལ་དུ་སྤྱུགས། དེ(འོག)འབྲིང་པོ་ཉ་ཀྲི་ཁམས་ཀྱི་ཡུལ་དུ་སྤྱུགས། དེའང(འོག)ཐ་ཆུང་བྱ་ཁྲི་གཙང་གི་ཡུལ་དུ་སྤྱུགས་ནས། རྒྱལ་པོ་གྲི་གུང(གུམ)བཙན་པོས་སྲས་གསུམ་སྤྱུགས་ནས། ཁམས་རྒྱལ་པོའི་སྲས་མོ་བག་མར་བླངས་ཏེ། ཕོ་བོ་གསུམ་གྱི་ཨ་མས་རྒྱལ་པོའི་རྟ་རྫི་བྱེད་ཀྱིན་ཡོད་པའི་ན། རྒྱལ་པོ་གྲི་གུམ་བཙན་པོ་དེ་བློན་པོ་དམག་མི་མ་སངས་འབངས་ལོ་ངམ་དང་བཅས་པས་ཁ་ཆེ་ཡུལ་དུ་དམག་རྒྱབ་ཏུ་ཕྱིན་ཏེ། ཁ་ཆེ་རྒྱལ་པོ་དང་དམག་གཡུལ་སྤྲད་པས་བོད་ཀྱི་རྒྱལ་པོ་དམག་གཡུལ་རྒྱལ་ནས་ཚུར་ལ་ལོག་ནས་ཡོང་ཀྱིན་ཡོད་པའི་ཁར་ཚུར་ལ། རྒྱལ་པོ་བློན་འབངས་དང་མ་སངས་ལི(ལོ)ངམ་བཅས་པ་རྣམས་ཀྱིས་མདའི་ཕོག་རྩལ་འགྲན་གྱིན་ཡོད་པས། རྒྱལ་པོ་གྲི་གུམ་བཙན་པོའི་མདའ་ནི་ཕ་བོང་ལ་སྒྲ་རིབ་བེ་ཐིམ། མ་སངས་ཀྱི་མདའ་ནི་ཕ་བོང་ལ་འདེམ་ཚུགས་ཙམ་འདུག་པའི་དུས་ན། ཁ་ཆེ་མི་བཙོན་ལ་ཁྲིད་པ་རྣམས་ན་རེ། ཞེས་པ་དང་། ཡང་དེ་ཉིད་ལས། བོད་ཀྱི་རྒྱལ་པོ་དང་མ་སངས་རྣམས་ཀྱིས་གཞུ་སྒོམ་ཙམ། མདའ་ཕྱམ་རྩེ་ཙམ་འཕེན་པ་བྱུང་། ཞེས་པ་སོགས་ནས། ལི་ངམ་དང་བློན་པོ་མ་འཆམ་བའི་དུས། རྒྱལ་པོ་དང་མ་སངས་ཀྱི་བར་དུ་མདའ་སྒྲོ་རེབ་བེ་བ་དེ་རྒྱལ་པོའི་ཡིན་པ་ལས་མ་སངས་ཀྱི་མདའ་ཡིན་ཟེར་གྱིན་འདུག རྒྱལ་པོས་མ་སངས་ཡིན་པ་ལ་ཆད་པ་ཆོད་དང་ཟེར་བའི་ཕྲ་མ་བྱུང་། དེར་མ་སངས་ཀྱིས་ཐོས་ནས་ང་ལ་རྒྱལ་པོས་ཆད་པ་གཅོད་ན། རྒྱལ་པོ་གྲོངས་པའི་དུས་རོ་མི་ཡོང་ཟེར་བ་དེ་བདེན་ནམ་མི་བདེན་ལྟ་བའི་ཆེད་དང་། རྒྱལ་པོ་གྲིར་བཀུམ་པའི་ཆེད་དུ་མ་སངས་ཀྱི་བསམ་པ་ལ། རྒྱལ་པོའི་སྤྱི་བོ་ན་ལྷའི་སྨུ(དམུ)ཐག་ཡོད་པ་བཅད་དེ་གྲོང་བའི་དུས་ན་རོ་ཡང་བྱུང་བ་དང་། རྒྱལ་པོ་མདའ་གྲིར་བཀུམ་པའི་ཐབས་མཁས་པ་ཅིག་བྱེད་དགོས་སྙམ་ནས། ཞེས་པ་ལྟར་སྲས་གསུམ་ཡུལ་ཁམས་མི་འདྲ་བ་གསུམ་དུ་སྤྱུགས་པའང་རྒྱལ་པོ་རང་ཉིད་ཡིན་པ་དང་། དེ་རྐྱེན་ཡང་བུ་སྤུན་གསུམ་རྒྱལ་སྲིད་ལ་མ་འཆམ་པ་དང་། ཁམས་ཀྱི་རྒྱལ་ཕྲན་ཞིག་གི་སྲས་མོ་ཞིག་བག་མར་ལེན་པའི་ཆེད་དུའང་ཡིན་པར་བསྟན་པར་གསལ་བ་ལྟར། རྒྱལ་བློན་འཐབ་རྩོད་དང་། སྲས་གསུམ་འཐབ་རྩོད་དང་། བཙུན་མོ་བར་ཀྱི་འཐབ་རྩོད་དང་། ཁྱད་པར་དུ་ཆོས་སྲིད་འཐབ་རྩོད་སོགས་དཔེར་ན། ལེགས་བཤད་རིན་པོ་ཆེའི་མཛོད་སོགས་ལས། ཡུལ་འདིར་ཁྱོད་ཀྱི་བོན་སྲིད་དང་ང་ཡི་རྒྱལ་སྲིད་གཉིས་མི་ཤོང་བར་འདྲ་ཞེས་དང་། ཡང་དེར། འབངས་ལོ་ངམ་ལ་འཕྲིན་རྫོང་ནས་ང་དང་མཉམ་པའི་བོན་པོ་ནི་ས་མཐར་སྤྱུགས། ད་ང་ལ་འཐབ་འོས་པའི་སྟོབས་འབྱོར་ལྡན་པ་ཁྱོད་གཅིག་པུ་ཙམ་ལགས་སོ། །ཞེས་པས་ཀྱང་ཤེས་ཐུབ་མོད། ཡང་དེ་ཉིད་ལས། རྒྱལ་པོ་གྲི་གུང(གུམ)གྱི་བཙུན་མོ་དེ་ལ་ལུས་པོ་སྦྲུམ་མ་ཅིག་ཀྱང་ཡོད་དེ། སྲས་གསུམ་སྤྱུགས་ཏེ་སྲས་མོ་བག་མར་བླངས་བའི་ལན་ཞེས་ཟེར། ལོ་ངམ་དང་གྲི་གུམ་རྒྱལ་བློན་ཡིན་པ་དང་བུ་མོ་ཞིག་ལི་ངམ་གྱི་བག་མར་བཟུང་བ་ནི་འདི་ལས་ཀྱང་གསུངས་སོ། །
ཡང་གངས་ལྗོངས་ཀྱི་ལོ་རྒྱུས་ཐོག་གི་གྲགས་ཅན་མི་སྣ་ཞེས་པ་ལས། གྲི་གུམ་བཙན་པོ་བཀྲོངས་ཤིང་། རེ་ཞིག་འདི་བས་རྒྱལ་ས་བཟུང་ནས་གྲི་གུམ་གྱི་སྲས་གསུམ་ཀོང་ཡུལ་དུ་ཕུད་པར་བཤད་པ་ནི་གཞན་དང་ཕལ་ཆེར་མཐུན། བསྟན་པའི་རྣམ་བཤད་དར་རྒྱས་གསལ་སྒྲོན་དང་ལེགས་བཤད་རིན་པོ་ཆེའི་མཛོད་སོགས་ལས་ནི། སྲས་གཉིས་སྲས་མོ་དང་གསུམ་ཡོད་པར་བཤད། སྲས་གཉིས་དྭགས་རྐོང་ཡུལ་དུ་སྤྱུགས། སྲས་མོ་ཁབ་ཏུ་བཞེས། ཞེས་པ་ལ། གོང་དུ་བཀའ་ཆེམས་ཀ་ཁོལ་མ་ལྟར་ན། ཁོ་རང་གྲོངས་ནས་སྐྱེས་པའི་བླའུ(ལྕམ)ཞིག་དང་བཞི་ཡོད། ཅེས་རྒྱལ་པོ་གྲོངས་རྗེས་སྐྱེ་བའི་བུ་མོ་ཞིག་ཡོད་པར་བསྟན་པ་དང་། གངས་ལྗོངས་ལོ་རྒྱུས་གྲགས་ཅན་མི་སྣ་ལས། སྲས་གསུམ་རྐོང་ཡུལ་དུ་སྤྱུགས། ལྷ་གཅིག་ཆུང་མར་བཟུང་། ཞེས་པ་ལ་ཞིབ་ཏུ་དཔྱད་ན། གྲི་གུམ་འདས་ནས་ལོ་བཅུ་གསུམ་ལོ་ངམ་གྱིས་རྒྱལ་ས་བཟུང་ཞེས་བསྟན་པའི་རྣམ་བཤད་དར་རྒྱས་གསལ་སྒྲོན་དང་ལེགས་བཤད་རིན་པོ་ཆེའི་མཛོད་གཉིས་ལས་ཀྱང་བྱུང་ཡོད། རྒྱ་བོད་ཆོས་འབྱུང་ལས་ལོ་བཅུ་གཅིག་སྐྱོང་བར་བཤད། ཀ་ཁོལ་མ་ལས་སྲས་མོ་ཡབ་འདས་དུས་མའི་སྦྲུམ་དུ་ཡོད་པར་བཤད་པ་རྣམས་སུ་ཞིབ་ཏུ་ནས་བརྟགས་ན་སྲས་མོ་ཆེ་ཆུང་གཉིས་ཡོད་པ་ཡིན་ནམ། ཡང་ན་ཀ་ཁོལ་མ་ལས། གྲི་གུམ་གྱི་བཙུན་མོ་ཆུང་བ་ཞིག་ཡོད་དམ་ཞིབ་ཏུ་དཔྱད་དགོས། དར་རྒྱས་གསལ་སྒྲོན་སོགས་ལས་བྱ་ཁྲི་ཚུར་དྲངས་ནས་རྒྱལ་པོ་བྱེད་དུ་བཅུག་པའི་བུ་ཚབ་ལ་སྤུ་དེ་གུང་རྒྱལ་ཞེས་པར་བཏགས་པ་ལས། ཉ་ཁྲིའི་ལོ་རྒྱུས་བཤད་མི་འདུག དེབ་ཐེར་དམར་པོ་དང་། ཡར་ལུང་ཇོ་བོ་ཆོས་འབྱུང་དང་རྒྱལ་རབས་གསལ་མེ་རྣམས་མཐུན་པར། གཅེན་ཤ་ཁྲི་དང་། གཅུང་ཉ་ཁྲི་གཉིས་གདན་མ་དྲངས་ཏེ། ཀོང་པོ་དང་། ཉང་པོའི་རྒྱལ་པོར་མཛད་དུ་བཅུག་པར་བཤད་ཡོད་པ་ད་ལྟའང་དེའི་གདུང་བརྒྱུད་ཡོད་པར་བཤད་དོ། །ཡང་དེ་ཉིད་ལས། ཕུ་བོ་བྲག་ཐོག་རྗེ་མཛད་པའི་འབྲིང་པོ་བྱ་ཁྲི་གདན་དྲངས་ནས་རྒྱལ་སར་བཅུག་ཏེ། སྤུ་དེ་གུང་རྒྱལ་དུ་མཚན་གསོལ། ཞེས་གསལ་བོ་བསྟན་ཡོད། གསལ་མེ་དང་། གངས་ལྗོངས་ལོ་རྒྱུས་དང་། ཇོ་བོ་ཆོས་འབྱུང་སོགས་ལས་སྤུ་བོ་ཡུལ་ནས་བྱ་ཁྲི་གདན་དྲངས་ཚུལ་བཤད་པ་ལྟར་ན་སྤུ་བོ་ཡུལ་ནས་སྤུ་དེ་གདན་དྲངས་ཞེས་མ་བསྒྲིག་རང་འགྲིག་ཏུ་སོང་བ་དང་། ལེགས་བཤད་རིན་པོ་ཆེའི་མཛོད་ལས། རྒྱལ་ས་འདི་ཀུན་ཁྱོད་ཀྱི་ཕ་མེས་ཀྱི་ཕོ་བྲང་ཡིན། གཅེན་པོ་སྤུ་ལྡེའུ་གུང་རྒྱལ་བྱ་བ་ད་ལྟ་ཀོང་ཡུལ་དུ་བྲོས་ནས་ཡོད། ཅེས་ཡར་ལྷ་ཤམ་པོའི་བུ་ཡིན་ཟེར་བའི་རུས་ལས་སྐྱེས་ཞེས་པ་ཉིད་རྒྱལ་པོ་གྲོངས་པའི་དུས་ཀྱི་མངལ་དུ་ཡོད་པའི་སྲས་དེ་ཡིན་ནམ་དཔྱད་པར་བྱའོ། །གསལ་མེ། ཇོ་བོ་ཆོས་འབྱུང་། ཚལ་བའི་དེབ་དམར་གསུམ་ཀ་ལས། སྲས་རྒྱལ་བུ་གསུམ་པོས་ཡབ་མེས་ཀྱི་བཀོར་མཛོད་ནས། ཅེའུ་གླང་རུ་དཀར་ཞེས་བྱ་བའི་གླང་འཕུར་ཤེས་ལ་ཞོན་ནས་ཀོང་པོ་ཡུལ་དུ་བྲོས། ཞེས་པ་ལྟར་གསུམ་ཀ་ཀོང་པོ་ཡུལ་དུ་བྲོས་ནས་ལོ་བཅུ་གསུམ་རིང་ལ་དྭགས་རྐོང་ལ་སོགས་རྒྱལ་ཕྲན་རྣམས་སུ་རིམ་གྱིས་ཕྱིན་ཏེ། དེ་རྣམས་ཀྱིས་ཀྱང་བཙན་པོའི་སྲས་ཡིན་པའི་རྒྱུ་མཚན་གྱིས་གོང་བཀུར་ཟོལ་མེད་བྱས་པའི་མཐར་ཡང་། ཀོང་དང་ཉང་གི་རྒྱལ་པོར་བཀུར་བ་ཡིན་པར་གསལ་བོ་རྟོགས་ཐུབ། རྒྱལ་པོ་ཐང་ཡིག་ལས། རྒྱལ་པོ་གྲི་གུམ་བཙན་པོའི་སྲས་གསུམ་ནི། བྱ་ཁྲི་དང་ཉ་ཁྲི་ཤ་ཁྲི་རྣམ་པ་གསུམ། རྒྱལ་པོ་བྱ་ཁྲི་ཀོང་པོ་ཡུལ་དུ་གཤེགས། རྒྱལ་པོ་ཉ་ཁྲི་རྐོང་པོའི་ཡུལ་དུ་གཤེགས། རྒྱལ་པོ་ཤ་ཁྲི་སྤོ་བོའི་ཡུལ་དུ་གཤེགས། ཡབ་གཅིག་གཤེགས་ནས་རྒྱལ་སྲས་གདན་དྲངས་པ། སྤོ་བོ་ཡུལ་ནས་སྤུ་དེ་གུང་རྒྱལ་བྱོན། ཞེས་པ་ལས་ཤེས་པར་བྱའོ། །རྒྱུ་མཚན་དེ་རིགས་ལ་བརྟེན་སྤུ་ལྡེ་རྒྱལ་ས་ཐོབ་པ་ལའང་རོགས་རམ་ཐོབ་ཡོད་པ་དང་། རྗེས་སུ་རྒྱལ་ཕྲན་ཐམས་ཅད་བོད་འོག་ཏུ་སླར་ཡང་འདུས་ཏེ། བོད་ཀྱི་ཆབ་སྲིད་སྲ་བརྟན་ཡར་རྒྱས་སུ་གྱུར་པ་ཡང་དེ་རྣམས་ཀྱི་རོགས་རམ་དང་རྒྱབ་སྐྱོར་ཐོབ་པའི་བཀའ་དྲིན་ལས་ཡིན་པར་ཤེས་པར་བྱའོ། །སྲས་ས་མཐར་སྤྱུགས་པ་ལའང་བཀའ་ཆེམས་ཀ་ཁོལ་མ་ལས་ནི། རྒྱལ་པོ་རང་གིས་ཡུལ་ཕུད་པར་བཤད་པ་དང་། བསྟན་པའི་རྣམ་བཤད་དར་རྒྱས་གསལ་སྒྲོན་དང་ལེགས་བཤད་རིན་པོ་ཆེའི་མཛོད་སོགས་ལས་ལོ་ངམ་གྱིས་སྤྱུགས་པར་བཤད། ཇོ་བོ་ཆོས་འབྱུང་སོགས་ལས། ཅེའུ་གླང་རུ་དཀར་ཞེས་པའི་གླང་འཕུར་ཤེས་ལ་ཞོན་ནས་བྲོས་པར་བཤད་དོ། །དེ་བཞིན་དུ་བོད་ལྗོངས་ཞིབ་འཇུག་༡༩༨༩ལོའི་དུས་དེབ་གསུམ་པའི་ནང་། ཆབ་འགག་རྟ་མགྲིན་ལགས་ཀྱིས་མཛད་པའི་བློན་རུས་ལས་སྐྱེས་ཀྱི་རིགས་རུས་དང་མཛད་རྗེས་ལ་དཔྱད་པ་ཞེས་པ་ལས། ཡོངས་གྲགས་ཀྱི་རྒྱལ་རབས་དེབ་ཐེར་དང་ཆོས་འབྱུང་རྣམས་སུ་རྒྱལ་ཕྲན་མྱང་རོ་ཤམ་པོའི་རྒྱལ་ལོ་ངམ་རྟ་རྫིས་རྒྱལ་པོ་གྲི་གུམ་བཙན་པོ་བཀྲོངས་ནས་བཙུན་མོ་ཀླུ་བཙན་བཟའ་བྲན་དུ་བཀོལ་སྐབས་རྟ་འཚོར་ཕྱིན་ཏེ་རྨི་ལམ་དུ་ཞེས་པ་ལྟར་བཙུན་མོའི་མཚན་ལ་ཀླུ་བཙན་བཟའ་ཞེས་གསལ་བོར་འཁོད་ཡོད་པར་བསྟན། དེ་བཞིན་དུ་རྒྱལ་བློན་འཁྲུགས་རྐྱེན་ཀྱང་བཤད་ཚུལ་མི་འདྲ་བ་དུ་མ་ཡོད་དེ། དཔེར་ན་བོན་པོ་རྣམས་ཀྱིས་བོན་བསྣུབས་པའི་ལ་ཡོགས་ཡིན་ཟེར། བཀའ་ཆེམས་ཀ་ཁོལ་མ་ལས། མདའ་རྩལ་འགྲན་པས་རྐྱེན་བྱས་ཟེར། དེའང་ཏུན་ཧོང་ལོ་རྒྱུས་ཡིག་རྙིང་དང་། ལོ་ངོ་ཆིག་སྟོང་ཉིས་བརྒྱ་ཙམ་གྱི་སྔོན་ལ་བརྐོས་པའི་ཀོང་པོ་དེ་མོའི་རྡོ་རྐོས་ཡི་གེ་གཉིས་ལས་ཉ་ཁྲི་དང་ཤ་ཁྲི་གཉིས་ལས་བཀོད་མེད་པ་དང་། ཀ་ཁོལ་མ་ལས་སྲས་ཕོ་གསུམ་དང་། ཡབ་བཀྲོངས་སྐབས་མའི་མངལ་དུ་ཡོད་པའི་བུ་མོ་ཞིག་དང་བཞི་ཡོད་ཅེས་པར་དཔྱད་ན། གྲི་གུམ་ལ་སྲས་མོ་གཅིག་ལས་མེད་པ་ནི་དཔེ་ཆ་ཀུན་མཐུན་ཡིན་པར་མ་ཟད་སྲས་མོ་ཞིག་ལོ་ངམ་གྱི་བཙུན་མོར་བཟུང་བ་ཡང་ཀུན་མཐུན་རེད། བཀའ་ཆེམས་ཀ་ཁོལ་མ་ལས་ཀྱང་འདི་བཞིན་གསུངས་སོ། །དེ་ན་མངལ་དུ་ཡོད་པའི་བུ་མོ་དེ་བཙུན་མོ་བཟུང་ཐབས་མེད་པ་ནི་ཤིན་ཏུ་གསལ། ཕྲན་རང་གི་དཔྱད་ན། སྐབས་དེར་བཙུན་མོ་དང་། རྒྱལ་པོ་བློན་པོ་དང་། ཆོས་ལུགས་པ་སོགས་ཀྱི་གྲལ་རིམ་འཐབ་རྩོད་མགོ་ཤིན་ཏུ་རྒྱས་དུས་ཤིག་ཡིན་པ་ནི་ཤིན་ཏུ་གསལ། ཁྱད་པར་དུ་བཙན་པོ་དང་ལྷོ་བྲག་གི་རྒྱལ་ཕྲན་འཐབ་རྩོད་ཛ་དྲག་ནང་བཙན་པོ་གྲི་གུམ་ཕམས་ཏེ་སྲས་གསུམ་ས་མཐར་བྲོས་པ་སོགས་གསལ་རྒྱས་བསྟན་ཡོད། དེའང་སྐབས་དེར་ལོ་ངམ་གྱི་བོད་ཀྱི་སྲིད་དབང་བཟུང་བས་དྭགས་རྐོང་ལ་སོགས་རྒྱལ་ཕྲན་ཕལ་ཆེར་ཁོའི་དབང་དུ་མ་འདུས་པས་ན། སྲས་གཉིས་ཀྱང་དྭགས་རྐོང་ཡུལ་དུ་བྲོས་པ་དང་། ལོ་ངམ་གྱི་རྒྱལ་སྲིད་མི་བརྟན་པའི་རྩ་བའང་རྒྱལ་ཕྲན་དེ་རྣམས་ཀྱིས་བཙན་པོའི་སྐུ་སྲས་རྣམས་ལ་རྒྱབ་སྐྱོར་ཐོབ་པར་བརྟེན། གྱེན་ལོག་དང་ནང་འཁྲུགས་བྱུང་བའི་མཐར་སྤུ་ལྡེ་རང་གི་བོད་སྤྱིའི་བཙན་པོའི་སྲིད་སྟེགས་ལ་བཞུགས་པའི་གོ་སྐབས་བཟང་པོ་ཐོབ་ཡོད་པ་རེད། དཔེར་ན། གཅེན་ཤ་ཁྲི་དང་། གཅུང་ཉ་ཁྲི་གཉིས་རྐོང་པོ་དང་ཉང་གི་རྗེ་བཀུར་བས་ཀྱང་གསལ་བོ་རྟོགས་ཐུབ། དེ་བཞིན་དུ་བཀའ་ཆེམས་ཀ་ཁོལ་མ་ལས། སྲས་ཕོ་གསུམ། སྲས་མོ་གཅིག་དང་བཞི་ཡོད་པར་བཤད་པར་མ་ཟད། ཡབ་གྲོང་བའི་རྗེས་སུ་སྲས་ཞིག་ཡོད་པར་བསྟན་པ་དང་། ཡང་བཀའ་ཆེམས་ཀ་ཁོལ་མ་ལས། སྲས་གསུམ་སྤྱུགས་ནས་སྲས་མོ་བག་མར་བླང་བས་རྐྱེན། སྲས་མོ་ཞིག་བག་མར་བཟུང་བ་ནི་ལོ་རྒྱུས་ཀུན་མཐུན། དེས་ན་སྲས་མོ་གཅིག་ལས་མེད་པའང་གཅིག་ཏུ་མཐུན། བཙན་པོ་གྲོང་རྗེས་ཀྱི་སྲས་སྐྱེས་པ་དེ་བུ་མོ་ཡིན་པའི་དབང་དུ་བཏང་ཡང་ལོ་ངམ་གྱི་བཙུན་མོར་འོས་པའི་ཐབས་མེད། ཕྲན་རང་གི་བསམ་ཚུལ་ལ་བཙན་པོ་བཀྲོངས་དུས་སྦྲུམ་དུ་ཡོད་པའི་སྲས་དེ་རུས་ལས་སྐྱེས་ཟེར་བ་དེ་ཡིན་ནམ་སྙམ། རྒྱུ་མཚན་ནི། ཆོས་འབྱུང་ལས། དེ་ཆེར་སྐྱེས་ནས་མ་ལ་ང་ཡི་ཕ་སུ་ཡིན་ཟེར་ནས(བས)། ཁྱོད་ཀྱི་ཕ་ལོ་ངམ་གྱིས་གུམ་ནས་བསད་དོ་བྱས་པས། ཞེས་དང་། དར་རྒྱས་གསལ་སྒྲོན་ལས། ང་ནི་ཡར་ལྷ་ཤམ་པོ་ཡིན། ཁྱོད་ང་ཡི་བུ་ཡིན། ཕ་གྲི་རུམ(གུམ)བཙན་པོ་བྱ་བ་ཡོད་པ་ནི་ལོ་ངམ་ཀྱིས་བསད་ནས་རྒྱལ་ས་ཁོའི་ཐོབ་པ་ཡིན་ཟེར་རོ། །ཞེས་པ་ལྟར་ལེགས་བཤད་མཛོད་ལས་ཀྱང་མཐུན་པར་གསུངས་སོ། །དེ་ན་ཆབ་འགག་རྟ་མགྲིན་ལགས་ཀྱི་དཔྱད་རྩོམ་དུ། དེའང་བློན་པོ་རུས་ལས་སྐྱེས་ནར་སོན་རྗེས་རྒྱལ་པོ་སྤུ་དེ་གུང་རྒྱལ་གྱི་གཡུལ་འགྱེད་ཀྱི་དཔུང་རོགས་དང་སྲིད་སྐྱོང་བའི་ལག་རོགས་སུ་གྱུར་ཅིང་། བོད་ཀྱི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་སུ་གཏོང་བ་དང་ཐོན་སྐྱེད་བྱེད་སྟངས་ལེགས་བསྒྱུར་བྱས་ནས་སྤྱི་ཚོགས་ཧྲིལ་པོ་གོང་དུ་འཕེལ་བའི་ཕྱག་རྗེས་བླ་ན་མེད་པ་མཛད་པས། ཕྱིས་འབྱུང་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་ཡར་ལྷ་ཤམ་པོའི་བུ་ཡིན་ཞེས་བརྗོད་པ་ཞིག་ཡིན། ཞེས་པའི་གཏམ་དེ་ཚད་མར་སྣང་ངོ་། །དེའང་བློན་རུ་ལས་སྐྱེས་ཀྱང་ཡར་ལྷ་ཤམ་པོའི་བུ་ཡིན་ཟེར་བ་དང་། གྲི་གུམ་གྱི་སྲས་ཡིན་ཟེར་བ་དང་། རུས་བཀྲག་ལས་བྱུང་བ་ཞིག་གི་སྲས་ཡིན་པར་བཤད་པ་སོགས་བཤད་ཚུལ་མི་མཐུན་པ་གསུམ་ཙམ་སྣང་མོད། འོན་ཀྱང་གཞན་པ་གཉིས་ཁ་གཡར་བའམ་སྒྲུང་གཏམ་དུ་བསྒྱུར་བ་ཙམ་ལས་དོན་དངོས་གནས་གྲི་གུམ་གྱི་སྲས་ཡིན་པར་སེམས། བོན་ལུགས་ཡ་ངལ་གཤེན་གྱི་གདུང་རབས་ལས། དུས་དེ་ཙམ་ན་གྲི་གུམ་སྐབས་རྗེ་ཡི་སྐུ་གཤེན་ཡ་ངལ་གསས་སྐྱབས་དང་། ཐང་ནག་བོན་པོ། ཚེ་མི་དམུ་རྒྱལ། བཙོ་གྱིམ་བུ་ལན་ཚ་བཞིས་མཛད། སྐུ་གཤེན་ཡ་ངལ་དེ་ཐུགས་ཆད་ནས། གནས་འདིར་བཞུགས་པའི་ས་མ་དགེ་ནས། རྗེ་སྤུ་ལྡེ་དང་མཉམ་དུ་རྐོང་ཡུལ་དུ་གཤེགས། བོན་རི་ལ་དགོན་པ་བཏབ་ནས་བཞུགས་པས། ཡང་དགོན་བྱ་བ་ད་ལྟའང་ཡོད། ཅེས་པའོ། །དེས་ན་བློ་རུ་ལས་སྐྱེས་ནི་བློན་འཛངས་མི་བདུན་གྱི་ཐོག་མ་ཡིན། ཁོང་གིས་མཛད་རྗེས་ཅུང་ཟད་གླེང་ན། ཁོང་གི་སྤུ་དེ་གུང་རྒྱལ་གྱི་སྲིད་སྐྱོང་གི་ལག་རོགས་བྱས་ཏེ། ལོ་ངམ་འཁོར་བཅས་ཆམ་ལ་ཕབས་ཏེ། བོད་ཀྱི་སྲིད་དབང་ཡོངས་རྫོགས་ལོ་ངམ་གྱི་ལག་ནས་ཚུལ་བླངས་ཏེ་སྤུ་ལྡེའུ་ལག་ཏུ་བཞག་པ་དང་། ཇོ་བོ་ཆོས་འབྱུང་སོགས་ལས། བློན་མཛངས་པ་དེ་གཉིས(ལྷ་བུ་མགོ་དཀར་དང་རུས་ལས་སྐྱེས་གཉིས་ལ་ཟེར)ཀྱི་རིང་ལ། འབྲོང་ཐུལ་དུ་བསྡེབས། ཆུ་ཡུར་བུར་བཅུག སྤང་ཞིང་དུ་རྨོས། སོལ་བས་རྡོ་བཞུ། དངུལ་ཟངས་ལྕགས་གསུམ་བཏོན། ཆུ་ལ་ཟམ་པ་བཙུག་ཞེས་པ་སོགས་ཆབ་སྲིད་དང་དཔལ་འབྱོར་རིག་གནས་སོགས་ཀྱི་ཐད་ནས་བྱས་རྗེས་བླ་ན་མེད་པ་བཞག་ཡོད། བོན་པོ་རྣམས་ཀྱིས་ལོ་ངམ་གྱིས་གྲི་གུམ་བཀྲོངས་རྐྱེན་ཀྱང་གྲི་གུམ་གྱིས་བོན་བསྣུབས་པའི་རྐྱེན་ཡིན་པར་འདྲ་ཞིག་ངོས་འཛིན་ཡོད་མོད། འོན་ཀྱང་དྲི་རྒྱལ་ལོ་ངམ་གྱིས་གྲི་གུམ་བཀྲོངས་པའི་རྗེས་སུ་བོན་བསྟན་སླར་གསོ་སོགས་ཀྱི་མཛད་རྗེས་གང་ཡང་མེད་པས་ན་བོན་བསྣུབས་པ་ལས་བྱུང་བར་མིན་པར་ཤིན་ཏུ་གསལ་ལོ། ། །།