བོད་ཀྱི་གཞོན་སྐྱེས་གླུ་མ་ཨ་སྐྱིད་དང་ཨ་ཆེན་བུ་མོ་སྤུན་གཉིས་ནི་རྒྱལ་མོ་ཚ་བ་རོང་འབར་ཁམས་རྫོང་ནས་ཡིན་ཞིང་། རྒྱལ་རོང་རྒྱལ་མོ་དངུལ་ཆུའི་རླབས་སྒྲའི་ཁྲོད་ཚེ་སྲོག་གི་ལྟེ་ཁྲག་འཕོས་ཤིང་ལང་ཚོའི་འདབ་ལག་རྒྱས། ཆུང་བྱིས་པའི་དུས་ནས་བཟུང་ནས་ཞིང་གི་རྣང་མའི་གསེང་དང་ར་ལུག་གི་སུག་རྗེས་བར་ནས། རི་ལུང་ལ་བྲག་ཅར་འཁྱིལ་བའི་མེས་པོ་ཚོའི་གླུ་སྐད་ལ་སེམས་པ་ཀླན་དེ་འཚར་ལོང་བྱུང་ཞིང། ནར་སོན་རྗེས་ཁོ་མོ་གཉིས་ཀྱིས་འབར་ཁམས་བུ་མོའི་ཚན་སྡེབ་ཅེས་པ་བསྒྲིགས་ཏེ། ལྷད་མེད་བཅོས་མིན་གྱི་སྐད་ངག་སྙན་མོས་ཕ་ཡུལ་གྱི་རི་ཆུ་དབྱངས་སུ་བཀུག་ཅིང་མེས་པོ་ཡི་གཏམ་རྒྱུད་གླུ་རུ་ལེན་མགོ་བརྩམས།
2010ཡི་ལོ་ནས་བཟུང་། འབར་ཁམས་བུ་མོ་ཚན་སྡེབ་ཀྱིས་མཐོ་བ་མིན་ལ་དམའ་བའང་མ་ཡིན་པའི་ཐུན་མིན་གྱི་སྐད་ངག་དང་ལང་ཚོའི་བརྩེ་བ་དྭངས་མོ་ལ་བརྟེན་ནས། 《རླུང་རྟ། 》དང་《འབར་ཁམས་བུ་མོ།》《ཕ་ཡུལ།》སོགས་གླུ་གཞས་བརྩམས་ཆོས་གསར་པ་རེ་རེས་བོད་ཀྱི་གླུ་དབྱངས་སྒྱུ་རྩལ་ལ་སྔར་མེད་ཀྱི་བཀྲག་མདངས་བསྣན་ཞིང་། སྔ་གཞུག་ཏུ་2010ལོ འི་པའོ་ཐོའུ་ལོ་སར་སྤྲོ་ཚོགས་དང་། 2011ལོའི་གཅིག་སེམས་གཅིག་འབྲེལ་སྒྱུ་རྩལ་ཚོགས་པའི་རིག་རྩལ་འཁྲབ་སྟོ ན། 2013ལོའི་ཁམས་པའི་བརྙན་འཕྲིན་ཁང་གི་བོ ད་ཀྱི་ལོ་སར་དགོང་ཚོགས། 2014ལོའི་ཁམས་པའི་བརྙན་འཕྲིན་ཁང་དང་བོད་ལྗོངས་བརྙན་འཕྲིན་ཁང་གིས་གཉེར་བའི་བོད་ཀྱི་ལོ་སར་དགོང་ཚོགས། ད་དུང་2015ལོའི་ཁམས་པའི་བརྙན་འཕྲིན་ཁང་གི་ལོ་སར་སྤྲོ་ཚོགས་དང་སི་ཁྲོན་རོལ་དབྱངས་མཐུན་ཚོགས་ཀྱི་དམག་དཔུང་འཚམས་འདྲིའི་འཁྲབ་སྟོན་སོགས་སུ་ཞུགས།
ཁོ་མོ་གཉིས་ཀྱིས་ལྷོད་མེད་ཀྱི་བརྩོན་པ་དང་ཞུམ་མེད་ཀྱི་འཚོལ་སྙེག་བརྒྱུད་དེ། རྒྱལ་ཡོངས་རང་བཞིན་གྱི་གླུ་གཞས་འགྲན་བསྡུར་གང་མང་ལ་ཞུགས་ཤིང་གྲུབ་འབྲས་ཀྱང་གཡུར་དུ་ཟ་བ་ཐོབ་ཡོད་དེ། 2012ལོའི་གངས་ཅན་དགྱེས་གླུ﹒སྐལ་བཟང་ལ་ཞེས་པའི་བོད་གླུ་འགྲན་ཚོགས་ལས་ཨང་དང་པོའི་བྱ་དགའ་ཐོབ་པ་དང་། 2013ལོའི་སྐབས་ལྔ་བའི་ཞོ་སྟོན་གྱི་མི་སྣ་གྲགས་ཅན་ཞེས་པའི་རྒྱལ་ཡོངས་ན་གཞོན་གླུ་བའི་འགྲན་བསྡུར་གྱི་ཕུལ་བྱུང་བྱ་དགའ་ཐོབ། 2014ལོའི་མཁའ་དབྱིངས་བོད་ལྗོངས་ཀྱི་མགྲིན་བཟང་གཞས་པ་འདེམས་པའི་འགྲན་བསྡུར་ཞེས་པ་ལས་ཨང་གསུམ་པའི་བྱ་དགའ་སོགས་ཐོབ།
འབར་ཁམས་ཀྱི་བུ་མོ། ཁྱེད་ཀྱི་མཛེས་སྡུག་གིས་རྩྭ་ཐང་ལ་བཀྲག་མདངས་བསྣན། ཁྱེད་ཀྱི་གླུ་ངག་གིས་རི་རབ་དག་གཉིད་ལས་བསླངས། མུ་མཐའ་བྲལ་བའི་མཐོ་སྒང་། དྭངས་ཤིང་གཙང་བའི་ནམ་མཁའ། བདག་གི་སེམས་པ་ཁྱེད་དང་མཉམ་དུ་འཕུར་ནས་འགྲོ་ཞེས་པའི་གཞས་ཚིག་ལྟར། ཁོ་མོ་གཉིས་ཀྱིས་ལང་ཚོའི་མེ་ལྕེ་མཛའ་གཞས་ལ་བསྒྲོན་ནས་མདུན་དུ་སྐྱོད་བཞིན་ཡོད་ལ། མདུན་ཕྱོགས་ན་རེ་བ་དང་གྲུབ་འབྲས་ཀྱིས་ཕྱུག་པའི་འབྱུང་འགྱུར་གསར་པ་ཞིག་ཡོད་པར་ཡིད་ཆེས་རི་བཞིན་བརྟན་ནོ། །