“མཛེས་སྡུག་ལྡན་པའི་གྲོང་གསེབ་ལ་བཀྲག་མདངས་བསྣན། ལི་ཐང་གི་སྐྱ་འགྲིབ་ཕོག་མཁན་ལ་སྤྱི་ཕན་བྱ་སྤྱོད་སྤེལ”ཞེས་པའི་སྐྱ་འགྲིབ་བསྐྱར་མཐོང་གཤགས་བཅོས་ཀྱི་མཉམ་འབྲེལ་སྤྱི་ཕན་ཞབས་ཞུའི་མི་སྣའི་མཉམ་པར། ལི་ཐང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་པར་མཁོ་འདོན་བྱས།
ཉིན་ཤས་བསྟུད་མར། ཁྲེན་ཏུའུ་གྲོང་ཁྱེར་མི་དམངས་སྨན་ཁང་གསུམ་པའི་མིག་ནད་ཚན་ཁག་དང་། ལི་ཐང་རྫོང་མི་དམངས་སྨན་ཁང་གིས་ཀྲུང་གོ་སེང་གེ་མཉམ་འབྲེལ་ཚོགས་པ་སི་ཁྲོན་འཐུས་ཚབ་ཁྲུའུ་ཡི་མ་དངུལ་གྱི་རྒྱབ་སྐྱོར་འོག “མཛེས་སྡུག་ལྡན་པའི་གྲོང་གསེབ་ལ་བཀྲག་མདངས་བསྣན། ལི་ཐང་གི་སྐྱ་འགྲིབ་ཕོག་མཁན་ལ་སྤྱི་ཕན་བྱ་སྤྱོད་སྤེལ”ཞེས་པའི་སྐྱ་འགྲིབ་བསྐྱར་མཐོང་གཤགས་བཅོས་ཀྱི་མཉམ་འབྲེལ་སྤྱི་ཕན་ཞབས་ཞུ་སྤེལ་ནས། ལི་ཐང་རྫོང་གི་སྐྱ་འགྲིབ་ཕོག་པའི་ནད་པ73ལ་འོད་སྣང་སྦྱིན།
སྨན་དོན་མི་སྣས་རྒན་རྒོན་གྱི་མིག་ལ་བརྟག་དཔྱད་བྱེད་པ། ལི་ཐང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་པར་མཁོ་འདོན་བྱས།
ལི་ཐང་གི་ཆ་སྙོམས་ཀྱི་ས་བབ་མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་སྨི4300ལྷག་ཡོད་པ་དང་། ས་མཐོར་དམིགས་བསལ་དུ་ཡོད་པའི་ས་ཁམས་ཁོར་ཡུག་འདི་འདྲར་སྐྱ་འགྲིབ་སོགས་མིག་ནད་ཕོག་སླ་བས། དེས་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བར་ཤུགས་རྐྱེན་ཐེབས་ཀྱི་ཡོད། ཉེ་བའི་ལོ་ཤས་ཀྱི་རིང་ལ་དབུལ་བྲལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་གཉིས་སྦྲེལ་མཐུད་ནུས་ལྡན་ཐུབ་པ་དང་བདེ་ཐང་རོགས་སྐྱོར་ལ་རོགས་རམ་བྱ་ཆེད། ཀྲུང་གོ་སེང་གེ་མཉམ་འབྲེལ་ཚོགས་པའི་སི་ཁྲོན་འཐུས་ཚབ་ཁྲུའུ་ཡིས་བོད་དང་འབྲེལ་བའི་ས་ཁུལ་དུ་སྐྱ་འགྲིབ་བསྐྱར་མཐོང་གཤགས་བཅོས་ཀྱི་སྤྱི་ཕན་བྱེད་སྒོ་ཐེངས་མང་སྤེལ།
རྒྱུས་ལོན་བྱས་པ་བརྒྱུད། ཀྲུང་གོ་སེང་གེ་མཉམ་འབྲེལ་ལྷན་ཚོགས་སི་ཁྲོན་འཐུས་ཚབ་ཁྲུའུ་ཡིས་ལི་ཐང་རྫོང་དང་དེའི་ཉེ་འཁོར་དུ་གཤགས་བཅོས་བྱེད་པར་འཚམ་ཡང་དཀའ་ངལ་ཡོད་པའི་སྐྱ་འགྲིབ་ཕོག་པའི་ནད་པ100ལྷག་ཡོད་པ་རྒྱུས་ལོན་བྱུང་འཕྲལ་དུ་ཞབས་ཞུའི་གྲོན་དངུལ་གྲབས་གསོག་དང་། དང་བླངས་པ་བསྡུ་རུབ། སྤྱི་ཕན་ཞབས་ཞུའི་ཚན་པ་དང་མཉམ་འབྲེལ་བཅས་བྱས། ཁྲེན་ཏུའུ་གྲོང་ཁྱེར་མི་དམངས་སྨན་ཁང་གསུམ་པའི་མིག་ནད་ཚན་ཁག་གི་སྨན་བཅོས་རུ་ཁག་གིས་ཀྲུའུ་རེན་ཀུའོ་ཅོན་དང་སྨན་གཡོག་དཔོན་ཆིན་ལིང་གི་སྣེ་ཁྲིད་བྱས་ཏེ་ཚན་རྩལ་མཐོ་བའི་མིག་ནད་ཚན་ཁག་གི་སྒྲིག་ཆས་ཁྱེར་ནས་ལི་ཐང་དུ་བསྐྱོད།
དང་བླངས་པས་གཤགས་བཅོས་བྱས་པའི་རྒན་རྒོན་ལ་བརྟག་དཔྱད་བྱེད་པ། ལི་ཐང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་པར་མཁོ་འདོན་བྱས།
ཀྲུའུ་རེན་སྨན་པ་ཀུའོ་ཅོན་དང་། ཀྲུའུ་རེན་གཞོན་པ་སྨན་པ་ཧུའུ་ཅུན། གཙོ་བཅོས་སྨན་པ་ཀྲུའུ་ཅིང་། སྨན་པ་ཀྲང་ཀྲེ་ལི་དང་དགེ་བསྙེན་བསམ་གཏན་བཅས་ཀྱིས་ཐུན་མོང་ཐོག་སྐྱ་འགྲིབ་ཀྱི་གཤགས་བཅོས་ལེགས་གྲུབ་བྱས་པ་དང་། “བརྒྱུད་རོགས་ཁྲིད་གསུམ”གྱི་སྙིང་སྟོབས་དར་སྤེལ་གཏོང་ཆེད། ཀྲུའུ་རེན་ཀུའོ་ཅོན་སྐུ་ངོ་མས་ས་གནས་དེ་གའི་སྨན་པ་དགེ་བསྙེན་བསམ་གཏན་ལ་མཛུབ་ཁྲིད་བྱས་ཏེ། ནད་པ་ཞིག་ལ་སྐྱ་འགྲིབ་གཤགས་བཅོས་ལེགས་གྲུབ་བྱས། དེ་དང་ཆབས་ཅིག་ཁྲེན་ཏུའུ་གྲོང་ཁྱེར་མི་དམངས་སྨན་ཁང་གསུམ་པའི་ནད་སྐྱོང་ཚོགས་པའི་སྨན་གཡོག་དཔོན་ཆིན་ལིང་དང་། ལིའུ་ཡུང་ཅུན་དང་། ཕེང་ཡུས་ལན། ཐང་ཀྲེན་ཀྲེན། ལི་ཝུན་སོགས་ཀྱིས་ལི་ཐང་རྫོང་མི་དམངས་སྨན་ཁང་གི་སྨན་བཅོས་ཚོགས་པ་དང་སེང་གེ་ཚོགས་པའི་དང་བླངས་པའི་གཞོགས་འདེགས་འོག ངང་རྒྱུད་རིང་པོས་ནད་པར་གཤགས་བཅོས་མ་བྱས་གོང་གི་མིག་ཆུ་འཁྲུད་རོགས་དང་གཤགས་བཅོས་དཔྱད་དཔོག་བྱས་ནས། གཤགས་བཅོས་ཁང་དུ་གཤགས་བཅོས་ཡོ་ཆས་དང་གཤགས་བཅོས་ཡག་པོ་བྱ་རྒྱུའི་གྲ་སྒྲིག་བྱས་པ་དང་། དེ་བཞིན་གཤགས་བཅོས་རྗེས་ཀྱི་སྨན་གཏོང་སྟངས་དང་གཤགས་བཅོས་རྗེས་ཀྱི་ཡིད་གཟབ་བྱེད་དགོས་པའི་དོན་ཚན་ལ་འགྲེལ་བཤད་བསྐྱོན་ནས། གཤགས་བཅོས70ལྷག་ཙམ་ལེགས་འགྲུབ་ཡོང་བར་རྨང་གཞི་བརྟན་པོ་བཏིང་།
ཁྲེང་ཏུའུ་གྲོང་ཁྱེར་མི་དམངས་སྨན་ཁང་གསུམ་པའི་མིག་ནད་ཚན་ཁག་གི་འོད་བཤེར་སྨན་པ་ཙེང་ཧེང་ཡུང་གིས་ནད་པ་མི་རེ་ངོ་རེའི་མི་བཟོས་ཤེལ་གཟུགས་ཀྱི་ཏུའུ་གྲངས་ལ་ཞིབ་བཤེར་ཞིབ་ཕྲ་བྱས་པ་དང་དུས་མཚུངས། མིག་ངོས་སུBསྒྲ་རླབས་སྤྱད་དེ་བརྟག་དཔྱད་བྱས་ནས། གཤགས་བཅོས་རྗེས་ཀྱི་ནད་པའི་མིག་ཤེད་ཡག་པོ་ཡོང་བར་འགན་ལེན་བྱས།
ཐེངས་འདིའི་དང་བླངས་པའི་ཞབས་ཞུས་གཤགས་བཅོས་བྱེད་པར་འཚམ་པའི་ནད་པ73ལ་འོད་སྣང་སྦྱིན་ཡོད། དེའི་ཁྲོད་ཀྱི་ནད་པ་གཅིག་ནི་ལི་ཐང་རྫོང་དང་རྒྱང་ཁྱད་རིང་བའི་མཆོད་རྟེན་ཞང་ནས་ཡིན་པ་དང་། གཤགས་བཅོས་མ་བྱས་གོང་དུ་མིག་ཤེད་ཧ་ཅང་ཞན་པས། ལོ་གསུམ་ལྷག་ཙམ་རིང་འོད་སྣང་མཐོང་མེད་ཅིང་། དེའི་ཁར་འགྲིམ་འགྲུལ་སྟབས་བདེ་མེད་ལ་སྨན་བཅོས་བྱེད་པར་ཡང་དཀའ་ངལ་ཡོད་སྟབས། ད་བར་དུ་སྐྱ་འགྲིབ་གཤགས་བཅོས་བྱེད་སྐལ་བྱུང་མེད། སྟབས་ལེགས་པ་ཞིག་ལ། ཐེངས་འདིའི་བྱེད་སྒོར་ཞུགས་ཐུབ་སྟེ། སྐྱ་འགྲིབ་གཤགས་བཅོས་བྱས་པ་བརྒྱུད། གཤགས་བཅོས་རྗེས་ཀྱི་ཉིན་དང་པོར་མིག་ཤེད0.5ཟིན་ཡོད། ལི་ཐང་རྫོང་མི་དམངས་སྨན་ཁང་གི་ཡོན་ཀྲང་། “ཚོགས་སྒྲིག་རྣམ་པའི”རོགས་སྐྱོར་རུ་ཁག་གི་རུ་དཔོན་ལིའུ་ཅན་གྱིས། “ཐེངས་འདིའི་བྱེད་སྒོ་སྤེལ་བ་བརྒྱུད། སྤུས་ལེགས་ཀྱི་སྨན་བཅོས་ཐོན་ཁུངས་གཞི་རིམ་དུ་ཁྱབ་གདལ་བཏང་ནས་རིགས་གཅིག་མཁས་ཅན་གྱིས་ས་ཡུལ་དངོས་སུ་སྨན་བཅོས་བྱེད་པ་མངོན་འགྱུར་བྱུང་བར་མ་ཟད། ད་དུང་ནད་པའི་ཁུར་པོ་ཡང་དུ་བཏང་ནས། ‘མི་གཅིག་དྲག་སྐྱེད་བྱུང་ན། ཁྱིམ་ཚང་གཅིག་ལ་དྲོད་ཁོལ་སྦྱིན་པ’ཞེས་པའི་ཕན་འབྲས་དངོས་སུ་མངོན་འགྱུར་བྱུང་ཡོད”ཅེས་བརྗོད།
ཀྲུང་གོ་སེང་གེ་མཉམ་འབྲེལ་ཚོགས་པ་སི་ཁྲོན་འཐུས་ཚབ་ཁྲུའུ་ཡི2022ལོ་ནས2023ལོའི་ལོ་འཁོར་གྱི་ཀྲུའུ་རེན་ཙེང་ཅན་གྱིས། ཕྱིས་འབྱུང་“སེང་གེ་གཅེས་སེམས་འོད་སྣང”ཞབས་ཞུའི་རྣམ་གྲངས་དེ་བོད་སྐྱོར་དང་ཤིན་ཅང་ལ་རོགས་སྐྱོར་དང་། དེ་བཞིན་གྲོང་གསེབ་དར་རྒྱས་དང་ཟུང་འབྲེལ་བྱས་ནས་མཉམ་དུ་སྤེལ་ཏེ། སྐྱ་འགྲིབ་ཕོག་པའི་ནད་པ་དེ་བས་མང་བས་འོད་སྣང་མཐོང་ཐུབ་པ་བྱེད་དགོས་ཞེས་བརྗོད། །