ལི་རྫོང་གི་ས་ཁོངས་ཧྲིལ་པོའི་འཇགས་རྣམ་དོ་དམ་མེད་པ་བཟོས་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 08-29



        སྤྱི་ཟླ་8ཚེས་25ཉིན་གྱི་ཐོ་རེངས་ཆུ་ཚོད་དང་པོར། སི་ཁྲོན་རྔ་བ་ཁུལ་ལི་རྫོང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་རེས་སྐོར་འདིའི་ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འབྲེལ་ཡོད་གནས་ཚུལ་བརྡ་ཁྱབ་བཏང་བ་དང་། སྤྱི་ལོ་2022ལོའི་ཟླ་8ཚེས་25ཉིན་གྱི་ཆུ་ཚོད་0ནས་བཟུང་། ལི་རྫོང་བཀྲ་ཤིས་གླིང་གྲོང་རྡལ་གྱི་འཇགས་རྣམ་དོ་དམ་མེད་པར་བཟོས་པས། དེར་བརྟེན་ལི་རྫོང་གི་ས་ཁོངས་ཚང་མའི་འཇགས་རྣམ་དོ་དམ་བྱེད་ཐབས་མེད་པར་བཟོས་ཡོད།


        ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་རིམས་ནད་ནང་ལི་རྫོང་དུ་རིམ་རྩིས་བྱས་ན་ནད་རྟགས་གཏན་འཁེལ་གྱི་ནད་པ་2དང་ནད་དུག་འགོས་ཀྱང་ནད་རྟགས་མངོན་མེད་པའི་མི1ཤེས་རྟོགས་བྱུང་་དང་། ཚང་མ་གདུབ་ཟུམ་བརྒྱུད་གཏན་འཁེལ་གྱི་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱལ་ཡོད། དེ་དང་ཆབས་ཅིག་རོགས་སྐྱོར་དཔུང་ཁག་བསྡུ་སྒྲིལ་བྱས་ནས་རྒྱུན་ཁུངས་འདེད་པ་དང་། ཡན་ལག་ཚོགས་ཆུང་20ཡི་མི་62མངགས་གཏོང་བྱས་ནས་ཉེ་འབྲེལ་བྱུང་བའི་མི་458དང་། བརྒྱུད་འབྲེལ་བྱུང་བའི་མི་925གྲལ་བཤེར་བྱས་ཡོད། རྒྱ་ཆེའི་མང་ཚོགས་དང་དེ་གར་ལུས་པའི་ཡུལ་སྐོར་བའི་བདེ་འཇགས་ལ་འགན་ལེན་བྱ་ཆེད། རྫོང་དེ་ཡོངས་ཀྱིས“གཙོ་གནད་གྲལ་བཤེར”དང“ཁྱོན་ཡོངས་གྲལ་བཤེར”གྱི་བྱེད་ཐབས་སྤྱད་དེ་ཉིང་སྐྱུར་མ་དཔེ་འཚོལ་བསྡུའི་ས་ཚིགས་84བཀོད་སྒྲིག་བྱས་པ་དང་། མ་དཔེ་འཚོལ་བསྡུ་བྱེད་མཁན་མི་ཐེངས་893བཏང་ནས་རེས་སྐོར་ལྔ་པའི་གཞི་ཁྱོན་ཆེ་བའི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་ལས་དོན་སྤེལ་ཡོད། སྤྱི་ཚེས་24ཉིན་གྱི་ཆུ་ཚོད་18བར། རིམ་རྩིས་བྱས་ན་མི་ཁྲི་16.4346ལ་མ་དཔེ་འཚོལ་བསྡུ་བྱས་པ་དང་ཁོར་ཡུག་གི་མ་དཔེ་786ལ་ཞིབ་དཔྱད་ཚད་ལེན་བྱས་འབྲས་ཚང་མ་སྲིབས་གཤིས་ཡིན་པ་རེད།


        གཞན་ཡང་། ལི་རྫོང་ཁོངས་གཏོགས་ཀྱི་བྱ་ཕུང་ལུང་པ་དང་ཐའོ་ཕིང་ཆའང་སྡེ། ཀན་པའོ་བོད་རིགས་གྲོང་སྡེ་སོགས་Aརིམ་པའི་མཛེས་ལྗོངས་ཁུལ་8དང་ཡུལ་སྐོར་སྤྲོ་གསེང་ཁུལ་1སྔར་བཞིན་སྒོ་བརྒྱབ་ཡོད། ལི་རྫོང་གིས་མཛེས་ལྗོངས་ཁུལ་ཁག་གི་ལས་དོན་མི་སྣ་741ལ་ཉིང་སྐྱུར་གྱི་ཞིབ་དཔྱད་ཚད་ལེན་བྱས་པ་དང་། གཞི་རྩའི་འཚོ་བའི་དངོས་ཟོག་ལ་འགན་ལེན་བྱས་པ། མཛེས་ལྗོངས་ཁུལ་ཁག་གི་ཁོར་ཡུག་ཁྱོན་ཡོངས་ནས་དུག་སེལ་དང་མཐའ་མཇུག་དུག་སེལ། དྲ་ཐོག་ཞབས་ཞུ་གསོ་སྦྱོང་སོགས་ཀྱི་ལས་དོན་རྒྱུན་མཐུད་ངང་སྤེལ་ཡོད། མཛེས་ལྗོངས་ཁུལ་སྒོ་ཕྱེ་བའི་ཞིབ་ཕྲའི་དུས་ཚོད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་ལ་གཞིགས་ནས། ལི་རྫོང་གི་སྐད་འཕྲིན་སྤྱི་སྟེགས་དང་མཛེས་ལྗོངས་ཁུལ་གྱི་གཞུང་ཕྱོགས་ལས་སྟེགས་ཐོག་དུས་ཐོག་ལ་ཁྱབ་བསྒྲགས་བྱ་རྒྱུ་རེད།


        ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་དུས་ལི་མང་ཚོགས་ལི་རྫོང་ནས་ཁ་བྲལ་དགོས་ཚེ། སྔར་བཞིན་ཉིན་གསུམ་ནང་ཚུན་ཉིང་སྐྱུར་བརྟག་དཔྱད་ཐེངས་གསུམ་བྱས་འབྲས་སྲིབས་གཤིས་ཡིན་པའི་དཔང་ཡིག་འཁྱེར་དགོས་ཀྱི་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1