ཟླ་བ་བརྒྱད་པའི་ཚེས་སུམ་བཅུའི་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གྲོས་ཚོགས་འཚོགས་ནས། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པའི་གྲ་སྒྲིག་ལས་ཀར་ཞིབ་འཇུག་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་གཙོ་སྐྱོང་གནང་།
གྲོས་ཚོགས་ཐོག ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དེ་༢༠༢༢ལོའི་ཟླ་བ་བཅུ་པའི་ཚེས་དགུ་ཉིན་པེ་ཅིན་དུ་འཚོག་རྒྱུའི་ཐག་བཅད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཏང་གི་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པར་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་༢༠༢༢ལོའི་ཟླ་བཅུ་པའི་ཚེས་བཅུ་དྲུག་ཉིན་པེ་ཅིན་དུ་འཚོག་རྒྱུའི་གྲོས་འགོ་འདོན་རྒྱུ་རེད།
གྲོས་ཚོགས་ཐོག ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ཀྱིས་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྱོང་བྱེད་པའི་བགྲོད་ལམ་གསར་པའི་ཐོག་སྐྱོད་པ་དང་། ལོ་བརྒྱ་ཐམ་པ་གཉིས་པའི་འབད་བརྩོན་དམིགས་འབེན་ཕྱོགས་སུ་བསྐྱོད་པའི་གནད་འགག་གི་དུས་སུ་འཚོག་པའི་ཚོགས་ཆེན་གལ་ཆེན་ཐེངས་ཤིག་རེད། ཚོགས་ཆེན་གྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་དར་ཆ་མཐོན་པོར་སྒྲེང་བ་དང་། མཱར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ། ཏིང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་རྒྱུན་འཁྱོངས་བྱས་ནས། ཁྱོན་ཡོངས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་བྱས་ནས། འདས་པའི་ལོ་ལྔའི་ལས་ཀ་ལ་ཕྱོགས་བསྡོམས་ནན་མོ་དང་། དུས་རབས་གསར་པ་ནས་བཟུང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་མཛད་པའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་མཐུན་སྒྲིལ་སྣེ་ཁྲིད་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བར་ཐོབ་པའི་གྲུབ་འབྲས་གལ་ཆེན་དང་ཉམས་མྱོང་རྩ་ཆེན་ཁྱོན་ཡོངས་ནས་ཕྱོགས་བསྡོམས་བྱ་རྒྱུ་རེད།
རྒྱལ་ཕྱི་ནང་གི་གནས་བབ་ལ་དབྱེ་ཞིབ་ཟབ་མོ་དང་། དུས་རབས་གསར་པ་དང་བགྲོད་ལམ་གསར་པའི་ཐོག ཏང་དང་རྒྱལ་ཁབ་བྱ་གཞག་འཕེལ་རྒྱས་ཀྱི་བླང་བྱ་གསར་པ་དང་། མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པ་ཁོང་དུ་ཡག་པོ་ཆུད་པ། བྱ་སྤྱོད་རྩ་འཛིན་དང་སྲིད་དོན་གལ་ཆེན་གྱི་བྱེད་ཕྱོགས་གཏན་ཁེལ། ཏང་ཡོངས་དང་རྒྱལ་ཡོངས་ཀྱི་མི་རིགས་སོ་སོའི་མི་དམངས་ཀྱིས་ལོ་རྒྱུས་ཡིད་ཆེས་ཇེ་བརྟན་དང་། ལོ་རྒྱུས་རང་རྟོགས་ཇེ་དྲག་གཏོང་བར་སྐུལ་བ། དྲང་སྲུང་གསར་གཏོད་དང་། སྤོབས་པ་ཆེན་པོས་མདུན་སྐྱོད། གནས་ལྔ་ཕུང་གཅིག་གི་སྤྱིའི་བཀོད་པར་མུ་མཐུད་དེ་གཅིག་གྱུར་འཆར་འགོད་བྱེད་པ། ཕྱོགས་ཡོངས་བཞིའི་འཐབ་ཇུས་ལ་མཐུན་སྐྱོར་སྐུལ་སྤེལ་བྱེད་པ། མི་དམངས་ཡོངས་ཐུན་མོང་ཕྱུག་འགྱུར་ལ་མུ་མཐུད་དེ་སྐུལ་བ་དང་། ཏང་འཛུགས་སྐྱོང་གི་རླབས་ཆེན་ལས་གཞི་གསར་པར་མུ་མཐུད་དེ་སྐུལ་བ། མིའི་རིགས་ཀྱི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་སྐྱོང་ལ་མུ་མཐུད་དེ་སྐུལ་བ་བཅས་བྱས་ནས། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྱོང་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བར་མཐུན་སྒྲིལ་འབད་འབུངས་བྱེད་དགོས་ཞེས་ནན་གྱིས་བསྟན་པ་རེད།
ཚོགས་ཆེན་ཐོག་ཀྲུང་དབྱང་ཨུ་ལྷན་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་སྐབས་གསར་པ་བདམས་ཐོན་འབྱུང་རྒྱུ་རེད།
གྲོས་ཚོགས་ཐོག མིག་སྔར་ཚོགས་ཆེན་གྱི་གྲ་སྒྲིག་ལས་དོན་ཁག་བདེ་བླག་ངང་སྒྲུབ་བཞིན་ཡོད། ཚོགས་ཆེན་གྱི་གྲ་སྒྲིག་ལས་ཀ་མུ་མཐུད་དུ་ཏན་ཏིག་གིས་བསྒྲུབས་ནས། ཚོགས་ཆེན་རྒྱལ་ཁའི་ངང་འཚོག་པར་འགན་སྲུང་བྱེད་དགོས་ཞེས་གསུངས་པ་རེད།
གྲོས་ཚོགས་ཐོག་ད་དུང་དོན་ཚན་གཞན་པར་ཞིབ་འཇུག་བྱེད་པ་རེད།